འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་15ཉིན་གནས་ཚུལ་སྤེལ་ནས། ཨ་རིའི་ཤར་རྒྱུད་དུས་ཚོད་ཀྱི་ཆུ་ཚོད་15ཙམ་ལ། ཨ་རིའི་དམག་གིས་དབྱི་རན་ལ་དམིགས་ནས་ཉིན་དེར་རྡུང་རྡེག་བྱ་སྤྱོད་ཐེངས་གཉིས་པ་དེ་སྤེལ་ཡོད་ཅིང་། དམིགས་འབེན་ནི་དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་བརྒྱུད་དེ་རང་མོས་ངང་འགྲོ་སྐྱོད་བྱེད་པའི་གྲུ་གཟིངས་ལ་ཉེན་ཁ་བཟོ་བའི་དམག་དོན་སྟོབས་ཤུགས་ཡིན་པ་རེད། གཞན་ཡང་། དབྱི་རན་གྱིས་མཚོ་ཐོག་བཀག་སྡོམ་བྱེད་ཐབས་ལག་ལེན་བསྟར་བར་དམིགས་ཏེ། དབྱི་རན་གྱི་གྲུ་ཁའི་ཕྱོགས་སུ་བསྐྱོད་རྩིས་བྱེད་པའི་སྣུམ་སྐྱེལ་གྲུ་གཟིངས་སྟོང་པ་ཞིག་ལ་དམྱལ་མེ་རྟགས་ཅན་གྱི་འཕུར་མདེལ་འཕེན་གཏོང་བྱས་ནས། དེའི་འགྲོ་སྐྱོད་ནུས་པ་ཉམས་པར་བྱས་ཡོད་ཅེས་བརྗོད་ཡོད། དབྱི་རན་ཕྱོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་ལྷོ་རྒྱུད་ཧེང་ཅ་མུའུ་གླིང་ཕྲན་ལ་ཨ་རིའི་མེ་སྒྱོགས་ཀྱི་འཇབ་རྒོལ་ཕོག་པ་དང་། ལྷོ་ནུབ་རྒྱུད་ཀྱི་ཧུའུ་ཅི་སི་ཐན་མངའ་སྡེ་གནས་སའི་ཨ་ཝ་ཧྲེ་ཡི་ས་ཁུལ་ཁག་ཅིག་ཏུ་འབར་གས་ཀྱི་སྒྲ་ཐེངས་མང་གྲགས་ཡོད་པ་རེད།
དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་པ་ཅ་ཨའེ་ཡིས་ཚེས་15ཉིན། དབྱི་རན་དྲག་ཆས་སྟོབས་ཤུགས་ཀྱིས་དབྱི་རན་གྱི་མངའ་ཁོངས་ལ་བཙན་འཛུལ་གང་འདྲ་ཞིག་བྱས་རུང་། ཚང་མར་དེ་མཚུངས་ཀྱི་རྡུང་རྡེག་ཕོག་ངེས་རེད་ཅེས་བརྗོད་ཡོད། མིག་སྔར་དབྱི་རན་ལ་དབྱེན་འབྱེད་གྲོས་མོལ་བྱ་རྒྱུའི་འཆར་གཞི་མེད་པར། བློ་རྩེ་གཅིག་སྒྲིམ་གྱིས་འགོག་སྲུང་བྱེད་བཞིན་ཡོད་པ་རེད།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཚེས་15ཉིན་ཤེས་རྟོགས་བྱུང་བར། དབྱི་རག་བྱང་རྒྱུད་ཀྱི་ཁུའར་ཏེ་རང་སྐྱོང་ཁུལ་གནས་སའི་ཨའེར་པི་ལེར་བཅའ་སྡོད་ཨ་རིའི་གཞུང་ཚབ་དོན་གཅོད་ཁང་གི་ཉེ་འགྲམ་དུ་ཉིན་དེའི་དགོང་མོར་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ཡོད་པ་རེད། གཞན་ཡང་། ཁུ་ཝེ་ཐེའི་མངའ་ཁོངས་ནང་གི་ཨ་རིའི་དམག་དོན་རྟེན་གཞི་ཞིག་གི་ཉེ་འགྲམ་དུ་འབར་གས་ཀྱི་སྒྲ་གྲགས་ཡོད་པ་རེད། ཐོག་མའི་དཔྱད་དཔོག་ལས་མངོན་པར། ཨ་རིའི་དམག་གི་གོ་མཚོན་དང་མི་སྣར་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད།