འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཚེས་13ཉིན། ཨ་རིས་དབྱི་རན་ལ་མཚོ་ཐོག་བཀག་སྡོམ་བྱེད་པ་སླར་གསོ་བྱས་པ་མ་ཟད། ཧོར་མུའུ་ཙི་མཚོ་འགག་བརྒྱུད་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་ལ་འགྲོ་གྲོན་བརྒྱ་ཆ་20བསྡུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་13ཉིན། ཨ་རིའི་དམག་གིས་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་16ནས་བཟུང་དབྱི་རན་ལ་མཚོ་ཐོག་བཀག་སྡོམ་བྱེད་པའི་བྱ་སྤྱོད་སླར་གསོ་བྱ་རྒྱུ་དང་། ཨ་རིའི་དམག་གིས་དབྱི་རན་གྱི་གྲུ་ཁ་བརྒྱུད་མཁན་དང་མཚོ་འགྲམ་ས་ཁུལ་གྱི་གྲུ་གཟིངས་ལ་བཀག་སྡོམ་བྱ་ཐབས་ལག་ལེན་བསྟར་རྒྱུ་མ་ཟད། བཀག་སྡོམ་གྱི་གཏན་འབེབས་དང་རྒྱབ་འགལ་དུ་མ་སོང་བའི་གྲུ་གཟིངས་ཡོད་ཚད་ས་ཁུལ་འདིའི་ཆུ་ཁོངས་སུ་འགྲོ་སྐྱེད་བྱེད་པར་མུ་མཐུད་དེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
གཞན་ཡང་ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་13ཉིན་ཨ་རིའི་དམག་གིས་ཉིན་དེར་དབྱི་རན་ལ་ཉིན་གསུམ་གྱི་དགོང་མོ་བསྟུད་མར་མཁའ་ཐོག་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་པ་རེད།
དབྱི་རན་དམག་དཔུང་གིས་ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཐོ་རེངས་གསལ་བསྒྲགས་སྤེལ་ནས། ཉེ་དུས་ཨ་རིས་དབྱི་རན་ལ་རྒྱུན་མཐུད་ངང་བསྙད་བརྐོ་བ་དང་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་དམིགས་ཏེ། དབྱི་རན་དམག་དཔུང་གིས་ཆུ་ཚོད་ཁ་ཤས་གོང་མི་མེད་གནམ་གྲུ་བཏང་ནས་ཁུ་ཝེ་ཐེར་བཅའ་སྡོད་ཨ་རིའི་དམག་གི་འཕྲིན་གཏོང་མ་ལག་དང་། འབར་རྫས་གསོག་ཉར་སྒྲིག་བཀོད། “རྒྱལ་གཅེས་པའི”མཁའ་ཟོན་མ་ལག ཚོད་འཛིན་སྟེགས་བུ་དང་དེ་བཞིན་རྫས་མདེལ་མཛོད་ཁང་བཅས་ལ་རྡུང་རྡེག་བཏང་ཡོད། གཞན་ཡང་ཨ་རིའི་འཕུར་མདེལ་གྱིས་དབྱི་རན་གྱི་དམག་དོན་སྒྲིག་བཀོད་ཁག་གཅིག་ལ་འཇབ་རྒོལ་བྱས་པར་ལན་སློག་ཆེད་དབྱི་རན་མཚོ་དམག་གིས་སྐོར་ཞིབ་འཕུར་མདེལ་འཕེན་གཏོང་བྱས་ཏེ་ཨ་རིའི་དམག་གྲུར་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་རེད།