ཉིན་ཤས་གོང་། ཀྲུང་དབྱང་ནོར་སྲིད་ཀྱིས་2026ལོའི་བུ་གསོའི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་999སྤྲད་པ་དང་དེའི་ཐོག་རིམ་ཁག་ས་གནས་ཀྱི་ནོར་སྲིད་ཆ་སྦྱོར་བསྣན་རྗེས། ད་ལོ་ཁྱོན་ཡོངས་ནས་སྒོར་དུང་ཕྱུར་1100ཙམ་བཏང་བ་དེ་དག་ཚང་མ་ཁྱིམ་ཚང་དཀྱུས་མའི་བུ་བཙའ་དང་བུ་གསོའི་གནོན་ཤུགས་ཆུང་དུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་རེད།བུ་གསོའི་ཁ་གསབ་ཕུད། མངལ་ཆགས་ཏེ་ཡིག་ཚགས་བཟོས་པ་ནས་ཕྲུ་གུ་ལོ་གསུམ་ལ་སླེབས་པའི་བར་ཁྱོན་ཕན་བདེ་ཁག་7ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
ཁག་དང་པོ། མངལ་ཆགས་སྐབས་ཀྱི་བུ་བཙའི་ཞིབ་བཤེར་གྱི་འགྲོ་སོང་རྩིས་ཞུ།
མངལ་ཆགས་ནས་གཟའ་འཁོར་12ཟིན་པའི་སྐབས་ཡིག་ཚགས་བཟོས་རྗེས་གཏན་འཁེལ་སྨན་ཁང་དུ་བུ་བཙའི་ཞིབ་བཤེར་བྱེད་སྐབས། སྲིད་ཇུས་དང་མཐུན་པའི་བུ་བཙའི་ཞིབ་བཤེར་གྱི་རྣམ་གྲངས་ཡིན་ཚེ། རྩིས་རྒྱག་སྐབས་ཐད་ཀར་འགྲོ་སོང་རྩིས་ཞུ་བྱེད་ཐུབ་ཀྱི་ཡོད། ལས་བཟོའི་སྨན་བཅོས་འགན་བཅོལ་དང་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ་གང་ཡིན་རུང་སྨན་བཅོས་འགན་བཅོལ་རྒྱུན་ལྡན་ལྟར་འགན་བཅོལ་ནང་ཞུགས་ཡོད་ཚེ།བུ་བཙའི་ཞིབ་བཤེར་གྱི་འགྲོ་སོང་རྩིས་ཞུ་བྱེད་ཐུབ་ཀྱི་ཡོད།སྦྲུམ་མ་རང་ཉིད་འགན་བཅོལ་ནང་ཞུགས་མེད་ཀྱང་སྦྲུམ་མའི་བཟའ་ཟླས་རྒྱུན་ལྡན་ལྟར་ལས་བཟོའི་སྨན་བཅོས་འགན་བཅོལ་དངུལ་འཇལ་གྱི་ཡོད་ཚེ་བུ་བཙའི་ཞིབ་བཤེར་གྱི་འབྲེལ་ཡོད་གྲོན་དངུལ་རྩིས་ཞུ་བྱས་ཆོག དཔེར་ན་ཧོ་པེ་རུ་། གནས་ཚུལ་དེ་རིགས་ཡོད་ཚེ། གཏན་འབེབས་ཀྱི་50%གཞིར་བཟུང་། བུ་བཙའི་ཞིབ་བཤེར་གྱི་འབྲེལ་ཡོད་འགྲོ་སོང་རྩིས་ཞུ་བྱས་ཆོག
ཁག་གཉིས་པ། སྨན་ཁང་དུ་བསྡད་ནས་བུ་བཙའི་འགྲོ་སོང་རྩིས་ཞུ་བྱེད་པ།
ཕྲུ་གུ་བཙས་སྟངས་གང་ཡིན་རུང་། ཕྲུ་གུ་བཙས་ནས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཀྱི་ཁྱབ་ཁོངས་ཁྲོད་ཚུད་པའི་ཆ་ཤས་ཚང་མ་རྩིས་ཞུ་བྱས་ཆོག་པ་དང་སྨན་ཁང་ནས་དོན་སྐབས་ཐད་ཀར་མཇུག་རྩིས་བརྒྱབ་ན་འགྲིག ས་ཆ་གཞན་དུ་ཕྲུ་གུ་སྐྱེས་པའི་དབང་དུ་བཏང་ནའང་སྨན་བཅོས་འགན་བཅོལ་གྱི་ས་ཆ་གཞན་དུ་ཐོ་འགོད་སྙན་སེང་སྔ་སྣུར་བྱས་ཚེ་འགྲོ་སོང་རྩིས་ཞུའི་ཐོབ་ཐང་ལའང་ཤུགས་རྐྱེན་ཐེབས་མི་སྲིད།
ཁག་གསུམ་པ། བུ་བཙའི་ཕོགས་སྣོན། ཚང་མས་རྒྱུན་དུ་བཤད་པའི་བུ་བཙའི་ངལ་གསོ་རིང་གི་གླ་ཕོགས་ཞེས་པ་དེ་རེད།
དེ་ནི་ཆེད་མངགས་བུ་བཙའི་འགན་བཅོལ་སྤྲད་པའི་བུད་མེད་ལས་བཟོ་པའི་བུ་བཙའི་ཕན་བདེ་ཡིན་པས། མི་སྒེར་གྱིས་རང་འགུལ་ངང་རེ་ཞུ་བྱེད་མི་དགོས་པར། ཕོགས་སྣོན་དེ་ཐད་ཀར་མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོའི་ཐོག་སྤྲོད་ཀྱི་ཡོད། ཀྲེ་ཅང་ཧང་ཀྲོའུ་སོགས་སུ་ལས་ཁུངས་ཀྱི་ལས་བཟོ་པ་རྐྱང་རྐྱང་མིན་པར་སྟབས་བསྟུན་ལས་ཞུགས་མི་སྣ་ཚུད་པའི་མི་སྣའང་བུ་བཙའི་འགན་བཅོལ་ནང་ཞུགས་ནས་ཞབས་ཞུ་དེ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།དོ་སྣང་བྱེད་དགོས་པ་ཞིག་ལ། སྐྱེས་པ་ལས་བཟོ་བས་ཀྱང་བུ་བཙའི་ཉེན་འགོག་སྤྲོད་ཀྱི་ཡོད་མོད། གལ་ཏེ་བཟའ་ཟླར་ལས་ཀ་མེད་ན། བུ་བཙའི་སྨན་བཅོས་གྲོན་དངུལ་རྩིས་ཞུ་བྱེད་པ་ལས་ཕོགས་སྣོན་འདི་ལེན་ཐུབ་ཀྱི་མེད།
ཁག་བཞི་པ། ལོ་0ནས་3བར་གྱི་ཀུན་ཕན་བུ་བཙའི་དངུལ་སྨར་ཁ་གསབ།
ཕྲུ་གུ་མི་རེ་ངོ་རེར་ལོ་གཅིག་ལ་སྒོར་3600དང་ཟླ་རེར་སྒོར་300ལེན་ཆོག་པ་དང་། ཕྲུ་གུ་སྐྱེས་པ་ནས་བཟུང་ཕྲུ་གུ་ལོ་གསུམ་ལ་སླེབས་པའི་བར་ལེན་ཐུབ་ཀྱི་ཡོད། ཁྱིམ་དུ་ཕྲུ་གུ་མང་པོ་ཡོད་ཚེ་ཕན་བདེ་རྩེག་སྣོན་བྱས་ཆོག་པ་སྟེ། ཕྲུ་གུ་ཚང་མས་ཁེར་རྐྱང་དུ་ཁ་གསབ་རོགས་དངུལ་དེ་ལོངས་སུ་སྤྱོད་ཆོག་པ་དེ་རེད། ཡིད་གཟབ་བྱེད་དགོས་པ་ཞིག་ལ། ཁ་གསབ་འདི་ཁྱིམ་བདག་གིས་ལོ་རེར་རང་འགུལ་ངང་རེ་ཞུ་ཐེངས་རེ་བྱེད་དགོས། ཚང་མས་སྐད་འཕྲིན་དང་གཏོང་སྤྲོད་འབོ་ཡི་བུ་བཙའི་ཁ་གསབ་ཀྱི་གོ་རིམ་ཆུང་བའམ་ཡང་ན་ས་གནས་དེ་གའི་སྲིད་དོན་ཞབས་ཞུའི་སྟེགས་བུའི་དྲ་ཐོག་ནས་རེ་ཞུ་བྱས་ཆོག དེ་མིན་ད་དུང་ཐེམ་ཐོ་ཡོད་སའི་ཁྲོམ་གཞུང་དང་ཤང་གྲོང་གི་དམངས་ཕན་ཞབས་ཞུའི་སྐར་ཁུང་གི་ཡུལ་དངོས་སུ་འགྲོ་ལུགས་བསྒྲུབས་ནའང་ཆོག
ཁག་ལྔ་པ། ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་པའི་སྒེར་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲི།
ཁྱིམ་དུ་ལོ་གསུམ་མན་གྱི་ཕྲུ་གུ་ཡོད་པ་དང་། ཕ་མས་རྒྱུན་ལྡན་ལྟར་སྒེར་གྱི་ཐོབ་ཁྲལ་འཇལ་གྱི་ཡོད་ཚེ་འཐེན་འཕྲིའི་ཕན་བདེ་འདི་ལོངས་སུ་སྤྱད་ཆོག ཕྲུ་གུ་མི་རེ་ངོ་རེར་ཟླ་རེར་ཁྲལ་འབབ་སྒོར་2000འཐེན་ཆོག ལོ་ལྟར་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་ཕྱོགས་བསྡུས་རྩིས་རྒྱག་གཙང་འཇལ་བྱེད་སྐབས་ཡིག་ཐོག་སྙན་སེང་ཞུས་ཚེ་དངུལ་ཁག་གཅིག་གྲོན་ཆུང་ཐུབ་ཀྱི་ཡོད།
ཁག་དྲུག་པ། སྐྱེས་པ་ཕྱོགས་ཀྱིས་ཕྲུ་གུ་སྐྱེ་རོགས་དང་ནད་གཡོག་གི་ཕོགས་སྣོན།
ཕན་བདེའི་སྲིད་ཇུས་དེ་ས་གནས་སོ་སོར་གཅིག་པ་མིན། ཁ་གསབ་རོགས་དངུལ་ཡོད་མེད་དང་ཁ་གསབ་རོགས་དངུལ་ག་ཚོད་སྤྲོད་ཀྱི་ཡོད་མེད་ས་གནས་སོ་སོར་གཏན་འབེབས་འདྲ་པོ་མེད། ཨ་ཕ་རྣམ་པས་ས་གནས་དེ་གའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཕྱིན་ནས་ས་གནས་དེ་གར་ཕན་བདེའི་སྲིད་ཇུས་དེ་ཡོད་མེད་དང་རེ་ཞུ་ཇི་ལྟར་བྱེད་དགོས་མིན་ལ་འདྲི་རྩད་བྱས་ཆོག
ཁག་བདུན་པ། ཆེད་གཏོགས་བུ་བཙའི་བྱ་དགའ།
གཞན་ཡང་ས་གནས་མང་པོས་ད་དུང་ཆེད་གཏོགས་བུ་བཙའི་བྱ་དགའི་སྲིད་ཇུས་འཕར་མ་བཏོན་ཡོད། ས་ཁུལ་མང་ཆེ་བས་ཕྲུ་གུ་གཉིས་པ་དང་ཕྲུ་གུ་གསུམ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་ས་གནས་དེ་གའི་ཐེམ་ཐོ་ཡོད་པའི་ཁྱིམ་ཚང་ལ་གཙོ་གནད་ཐོག་ལྟ་རྟོག་བྱེད་ཀྱི་ཡོད་པས་ཁ་གསབ་སྤྲོད་སྟངས་ཀྱང་སྟབས་བསྟུན་ཡིན། ལ་ལར་ཐེངས་གཅིག་སྒོས་དངུལ་སྨར་གྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་དང་། ལ་ལར་ཟླ་རེ་དང་ལོ་རེ་བཞིན་ཁ་གསབ་སྤྲོད་ཀྱི་ཡོད་པས་ཚང་མས་ས་གནས་དེ་གའི་གཞུང་ཕྱོགས་ཀྱི་སྲིད་ཇུས་ལ་དོ་སྣང་མང་ཙམ་བྱེད་རོགས།ཕན་བདེ་དེ་དག་གི་དམིགས་ཡུལ་ནི་ཁྱིམ་ཚང་དཀྱུས་མའི་ཕྲུ་གུ་སྐྱེ་བ་དང་ཕྲུ་གུ་གསོ་བའི་གནོན་ཤུགས་ཆུང་དུ་གཏོང་རོགས་བྱ་རྒྱུ་དེ་ཡིན་པས། ཀྲུང་དབྱང་དང་ས་གནས་ཀྱིས་ཐབས་ཤེས་མི་ཉུང་བ་ཞིག་བཏོན་ཡོད་ཅེས་བརྗོད་ཆོག ཁྱིམ་བདག་ཚོས་ཀྱང་དུས་ཐོག་ཏུ་སྲིད་ཇུས་ཤེས་རྟོགས་དང་སྒྲིག་སྲོལ་ལྟར་རེ་ཞུ་བྱས་ནས་རྒྱལ་ཁབ་ཀྱི་དམངས་འཚོའི་ཕན་བདེ་ལོངས་སུ་སྤྱོད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།