བཟོ་ལས་ཡུལ་སྐོར་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པ།
ཉིན་ཤས་གོང་། རིག་གནས་དང་ཡུལ་སྐོར་པུའུ་སོགས་སྡེ་ཚན་བདུན་གྱི་གཞུང་དོན་ཐིང(གཞུང་དོན་ཁང)གིས་མཉམ་འབྲེལ་ཐོག《བཟོ་ལས་རིག་གནས་དར་སྤེལ་དང་བཟོ་ལས་ཤུལ་བཞག་སྲུང་སྐྱོང་། བཟོ་ལས་ཡུལ་སྐོར་འཕེལ་རྒྱས་བཅས་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། བཟོ་ལས་ཤུལ་བཞག་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་བཟོ་ལས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་སོགས་ཕྱོགས་བརྒྱད་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཟོས་ཏེ། རིག་གནས་དང་ཡུལ་སྐོར། བཟོ་ལས་བཅས་མཉམ་འདྲེས་འཕེལ་རྒྱས་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ཡོད།
བཟོ་ལས་ཀྱི་ཤུལ་བཞག་ལ་བཀྲག་མདངས་གསར་པ་འཚེར་བ།
ལོ་རྒྱུས་རིང་པོ་ལྡན་པའི་བཟོ་ལས་ཤུལ་བཞག་ནས་ཚན་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པའི་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་བར། བཟོ་ལས་ཡུལ་སྐོར་ལ་རྣམ་པ་གསར་པ་མངོན་པ་དང་། ས་མཚམས་ལས་བརྒལ་བའི་མཉམ་འདྲེས་ཀྱི་བཀྲག་མདངས་གསར་པ་འཚེར་ཡོད། གྲངས་གཞི་ལས་མངོན་པར། གོ་ལ་ཧྲིལ་པོའི་བཟོ་ལས་ཡུལ་སྐོར་གྱི་ཐོན་རྫས་རིན་ཐང་གིས་ཡུལ་སྐོར་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་10%ནས་15%བར་བཟུང་གི་ཡོད་ཅིང་། མིག་སྔའི་ཀྲུང་གོའི་ཁྲོམ་རའི་བཟུང་ཚད་5%ཡང་ཟིན་གྱི་མེད་པས་བཟོ་ལས་ཡུལ་སྐོར་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་ལྡན་ཡོད།
གསོན་ཉམས་དོད་པའི་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་ལ་བསྐྱོད་པ།
ཆིང་ཏའོ་གྲོང་ཁྱེར་ཏེང་ཀྲོའུ་ལམ་གྱི་སྒོ་རྟགས་56པ་ནི་ལོ་122ཀྱི་ལོ་རྒྱུས་ལྡན་པའི་ཆིང་ཏའོ་སྦི་རག་གི་འབྱུང་གནས་ཡིན་པ་དང་། ད་ཆ་ཆིང་ཏའོ་སྦི་རག་རྟེན་རྫས་བཤམས་མཛོད་ཁང་དུ་གྱུར་ཡོད། ཡུལ་སྐོར་བས་གཟིགས་སྐོར་བར་ཁྱམས་རིང་པོ་བརྒྱུད་གོ་ལ་ཧྲིལ་པོའི་སྦི་རག་བཏུང་བྱའི་ལས་རིགས་ཀྱི་བཟོ་ལས་དྲ་སྦྲེལ་གྱི་སྒྲོན་སྟེགས་ལྟ་བུའི་བཟོ་གྲྭ་ཐོག་མ་དེ་མཐོང་ཐུབ་པ་མ་ཟད། ད་དུང་སྦི་རག་ཁུལ་དུ་སྤུས་ཚད་འགན་ལེན་དུས་ཡུན་ཆུ་ཚོད་24ལས་མེད་པའི་སྦི་རག་སོས་པའི་བྲོ་བ་མྱོང་ཆོག རྟེན་རྫས་བཤམས་མཛོད་ཁང་དེ་སྒོ་ཕྱེ་བ་ནས་བཟུང་། དེ་གར་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1500ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། 2025ལོའི་དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་བའི་མི་གྲངས་དེ་དུས་མཚུངས་ལས་30%ནས་40%བར་འཕར་ཡོད།
རྩེད་འཇོའི་དབྱིངས་ཀྱིས་ཕྱུག་པའི་རིག་གནས་གསར་གཏོད་གླིང་དུ་བསྐྱོད་པ།
པེ་ཅིང་རྒྱལ་སའི་ངར་ལྕགས་གླིང་གི་ངར་ལྕགས་སྦུ་གུའི་བར་ཁྱམས་དེ་བར་སྣང་གི་རྐང་ལམ་ཕྲ་མོར་གྱུར་བ་དང་། གྲང་བཟོའི་སྟེགས་བུ་དེ་གཟེབ་གྲུག་སྤྱི་གླིང་དུ་བསྒྱུར་ཞིང་། ངར་ལྕགས་བཙོ་སྦྱང་བྱེད་པའི་ཐབ་ཀ་མཐོན་པོ་དེ་མ་འོངས་བཟོ་གྲྭ་ཞིག་དང་འདྲ་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་མཆོང་སྟེགས་ཆེན་པོ་དེ་ལུས་སྦྱོང་བྱེད་སྒོ་སྤེལ་ས་དང་མཐར་སོན་ལུས་རྩལ་ཉམས་ལེན་བྱ་ཡུལ་དུ་གྱུར་ཡོད། དེ་གར་ནི་གསོན་ཤུགས་གང་ཡང་མེད་པའི་བཟོ་ལས་ཀྱི་གནའ་ཤུལ་གྲང་མོ་ཞིག་མིན་པར། ཡུལ་སྐོར་བྱེད་ཆོག་པ་དང་རྩེད་འཇོར་འཚམ་པ། དབྱིངས་ཞུགས་ཉམས་ལེན་བྱེད་ཆོག་པ་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན་སྟབས། དེ་གར“ལུས་རྩལ་+”གྱི་འཛད་སྤྱོད་སྣ་བརྒྱའི་མེ་ཏོག་རྣམ་པར་བཞད་ཡོད།
བཟོ་ལས་ཡུལ་སྐོར་ནི་ཐོན་སྐྱེད་སྒྲུབ་རིམ་དེ་མཛེས་པའི་ལྗོངས་ཁུལ་དུ་བསྒྱུར་བ་ཙམ་མ་ཟད། དེ་བས་ཀྱང་བཟོ་ལས་ཤེས་དཔལ་དེ་མཐོང་ཐུབ་པ་དང་ཚོར་ཐུབ་པ། རྒྱུན་མཐུད་རུང་བ་བཅས་སུ་བསྒྱུར་བ་ཞིག་ཡིན། འདས་སོང་གི་བཟོ་ལས་དྲན་ཤེས་དེ་དག་ཉམས་ལེན་ཆོག་པ་དང་འཛད་སྤྱོད་ཐུབ་པའི་རྣམ་པ་གསར་པར་བསྒྱུར་སྐབས། ད་གཟོད་དུས་རབས་ཀྱི་རྗེས་སུ་མ་ལུས་པར་སྔར་བཞིན་གསོན་ཤུགས་རྒྱས་པར་འགྱུར་ཐུབ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















