ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་21པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་ཀྲུང་གོའི་ཝུའུ་ཤིས་སུ་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་གིས་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པ།

2026-05-27 09:30:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་21པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་ཟླ་5ཚེས་26ཉིན་ཀྲུང་གོའི་ཅང་སུའུ་ཝུའུ་ཤིས་སུ་འགོ་ཚུགས་ཡོད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་ཤིས་འཕྲིན་སྤྲིངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་གྱི་སྐུ་མགྲོན་ཚོར་འཚམས་འདྲི་ཞུས་གནང་ཡོད། 
ཝང་ཧུའུ་ཉིང་གིས་ཤཀྱཱ་མུ་ནེའི་དུས་ཆེན་ནི་འཛམ་གླིང་ནང་བསྟན་པས་སྟོན་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ལ་རྗེས་དྲན་ཞུ་བའི་དུས་ཆེན་གལ་ཆེན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཤཀྱཱ་མུ་ནེའི་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་རྒྱུན་འཛིན་བྱས་ཏེ། ནང་བསྟན་གྱི་སྙིང་རྗེ་དང་ཞི་བདེའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ནང་བསྟན་ལས་རིགས་ཀྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་བཤེས་ཟབ་ཏུ་གཏོང་བ་དང་། འཛམ་གླིང་ཞི་བདེར་སྲུང་སྐྱོང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད། 
ཝང་ཧུའུ་ཉིང་གིས་ཀྲུང་གོ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་གནང་ནས་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་བས་མང་བ་བསྣན་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད།  སླད་ཕྱིན་ང་ཚོས་སྔར་བཞིན་ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་རང་བཙན་རང་བདག་དང་། འདྲ་མཉམ་མཛའ་གྲོགས། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ནང་བསྟན་ལས་རིགས་དང་མཛའ་མཐུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་ནང་བསྟན་སྒྲིག་འཛུགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། རྒྱལ་སྤྱིའི་ཆོས་ལུགས་ཀྱི་གླེང་མོལ་དང་ཤེས་དཔལ་ཕན་ཚུན་སྤེལ་རེས། ཕན་ཚུན་སློབ་སྦྱོང་བཅས་ཀྱི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་པ་བཅས་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་མི་དམངས་ཀྱི་མཛའ་བཤེས་ཟབ་ཏུ་གཏོང་བ་དང་། ཡུན་རིང་གི་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན།  ཚོགས་ཞུགས་སྐུ་མགྲོན་དང་རྒྱ་ཆེའི་ནང་བསྟན་ལས་རིགས་ཀྱི་མི་སྣས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་། མིའི་རིགས་ཀྱི་ཕན་བདེ་ཆེ་རུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་བཅས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། 
སྐབས་21པའི་མཉམ་འབྲེལ་རྒྱལ་ཚོགས་ཤཀྱཱ་མུ་ནེའི་དུས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཤཀྱཱ་མུ་ནེའི་དུས་ཆེན་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་གཉེར་འགན་ཁུར་བ་ཞིག་ཡིན་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཤཀྱཱ་མུ་ནེའི་དུས་ཆེན་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ཀྲི་དང་། དེ་བཞིན་རྒྱལ་ཁབ་དང་ས་ཁུལ་67ནས་ཕེབས་པའི་ནང་བསྟན་ལས་རིགས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན། རིག་གནས་པ་སོགས་མི་1000ཙམ་དུས་ཆེན་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།  

中央广播电视总台 央广网 版权所有

སྐབས་21པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་ཀྲུང་གོའི་ཝུའུ་ཤིས་སུ་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་གིས་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་21པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤཀྱཱ་མུ་ནེའི་དུས་ཆེན་ཟླ་5ཚེས་26ཉིན་ཀྲུང་གོའི་ཅང་སུའུ་ཝུའུ་ཤིས་སུ་འགོ་ཚུགས་ཡོད།