སྤྱི་ཟླ་4པར་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་ལས་གཉེར་བརྟན་པོའི་ཁྲོད་འཕར་བ་དང་། ནམ་དུས་ལ་འགྱུར་བ་བྱུང་བའི་འགྲོ་སྐྱོད་སོགས་ཀྱི་འཛད་སྤྱོད་དགོས་མཁོ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
2026-05-15 09:54:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྤྱི་ཟླ་4པར་ཀྲུང་གོའི་གློག་རྡུལ་ཚོང་དོན་ཟོག་འགྲེམས་སྟོན་གྲངས་110.6ཟིན་པ་དེ་ཟླ་བ་གོང་མ་ལས་གྲངས་གནས་0.3༣འཕར་ནས། ཟོག་འགྲེམས་ལས་རིགས་ཀྱི་གཉེར་སྐྱོང་ལས་ཕྱོད་དང་ཞབས་ཞུའི་ཉམས་ལེན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
སྤྱི་ཟླ་4པར་མྱུར་སྐྱེལ་ཁེ་ལས་ཀྱི་གཉེར་སྐྱོང་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་དམིགས་ཚད་མང་པོ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཁེ་ལས་ཀྱི་སྡེབ་སྐྱེལ་ལས་ཆོད་དང་། ཞབས་ཞུའི་སྤུས་ཚད། མི་སྣའི་འགན་སྲུང་ཆུ་ཚད་བཅས་སྔར་བས་མཐོ་རུ་ཕྱིན་ཡོད། སྤྱི་ཟླ་4པར་གློག་རྡུལ་ཚོང་དོན་ཟོག་འགྲེམས་ཀྱི་སྤྱིའི་ལས་སྒོའི་གྲངས་འབོར་དང་གྲོང་གསེབ་ཀྱི་ལས་སྒོའི་གྲངས་འབོར་སོ་སོར་དུས་མཚུངས་ལས་20%དང་25%འཕར་ཡོད། ཀྲུང་གོ་ཟོག་འགྲེམས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཡུས་ཧང་གིས་དབྱེ་ཞིབ་བྱས་ནས། གློག་རྡུལ་ཚོང་དོན་གྱི་འཛད་སྤྱོད་ཁྲོམ་རར་ནམ་དུས་ལ་འགྱུར་བ་བྱུང་བའི་རྒྱན་གོས་དང་ཕྱི་རོལ་གྱི་ལུས་རྩལ་སྒྲིག་ཆས་སོགས་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་ཡོད། ས་གནས་ཁག་གི་ནམ་དུས་རང་བཞིན་གྱི་ཞིང་ལས་ཐོན་རྫས་མུ་མཐུད་ཐད་གཏོང་དང་ཐོན་ཡུལ་ནས་ཐད་ཀར་འཚོང་བའི་བྱེད་སྟངས་བརྒྱུད་བྲིན་ཁ་རྒྱུག་པོ་བྱུང་ཡོད། འཛད་རྫས་རྙིང་པར་བརྟེན་ནས་གསར་པ་བརྗེ་པོ་རྒྱག་པའི་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་རིམ་སྤོར་རིགས་ཀྱི་ཚོང་ཟོག་རྫོང་ཁོངས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། མཁོ་སྤྲོད་ཕྱོགས་ཀྱི་དམིགས་ཚད་མང་པོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། དེའི་ཐོག་ནས་ལས་རིགས་གཉེར་སྐྱོང་གི་ལས་ཕྱོད་དང་ཞབས་ཞུའི་ཉམས་ལེན་བརྟན་པོའི་ངང་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད་ཅེས་གསུངས་ཡོད།
ལིའུ་ཡུས་ཧང་གིས། བརྟག་དཔྱད་ལས་མངོན་པར་གཞིགས་ན། གློག་རྡུལ་ཚོང་དོན་ཟོག་འགྲེམས་ལས་རིགས་ཀྱིས་རྒྱུན་གཏན་གྱི་དངོས་ཟོག་སྐུར་སྐྱེལ་དགོས་མཁོ་སྐོང་བ་དང་ཆབས་ཅིག ཞབས་ཞུ་ལེགས་སུ་གཏོང་བ་དང་སྒྲིག་བཀོད་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། ནམ་དུས་རང་བཞིན་གྱི་སྔོ་ཚལ་སྐྱེལ་འདྲེན་དང་སྡེབ་སྐྱེལ་ལ་དམིགས་ནས། མྱུར་སྐྱེལ་ཁེ་ལས་མང་པོས་ཐུམ་སྒྲིལ་དང་སྐྱེལ་འདྲེན་ཇུས་གཞི་ལེགས་སུ་བཏང་བ་དང་། ཆེད་སྤྱོད་ལམ་ཐིག་བགྲོད་ལམ་བཏོད་དེ། ཐོན་རྫས་གསར་པ་དང་སོས་པ་དུས་ཐོག་ཏུ་འབྱོར་རྒྱུར་འགན་ལེན་བྱས་ཡོད། རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་དྲ་རྒྱ་ནུས་ཆེའི་ངང་ལས་གཉེར་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། སྔོན་དཔག་བྱས་ན་སྤྱི་ཟླ་5པར་གློག་རྡུལ་ཚོང་དོན་ཟོག་འགྲེམས་སྟོན་གྲངས་བརྟན་པོའི་ཁྲོད་འཕར་བའི་ལས་གཉེར་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད།
















