སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན། འབྱུང་འཕྲོད་ཅན་བཅས་སུ་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་གྲངས་འཛིན་ཅན་དང་གྲངས་འཛིན་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཐོན་ལས་ཅན་གྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ། གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བཞིན་ཡོད།
ཅང་སུའུ་ཡུང་ཀང་ཚོགས་པའི་ཐོན་སྐྱེད་འཁོར་ཁང་ནང་། ལས་དོན་མི་སྣས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་ལ་བརྟེན་ནས་རྒྱུ་ཆའི་མ་ལག་དང་འགག་རྩའི་བཟོ་རྩལ་ཐད་ཚད་བརྒལ་ཡོང་བ་བྱེད་བཞིན་ཡོད། ན་ནིང་། ཁེ་ལས་ཀྱི་“སྤུས་ལེགས་ལྕགས་སྐུད་དང་རྣོ་དབྱུག་གི་རྒྱུ་ཆའི་བརྒྱུད་རིམ་ཧྲིལ་པོ་གཞི་གཅིག་ཅན་གྱི་འབྱུང་འཕྲོད་རིག་ནུས་བཟོ་གྲྭ་”དེ་རྒྱལ་ཁབ་ཀྱི་ཁྱད་འཕགས་རིམ་པའི་རིག་ནུས་བཟོ་གྲྭར་བདམས་ཡོད། ཡུང་ཀང་ཚོགས་པའི་ལྕགས་བཞུ་སྤྱི་ཁྱབ་བཟོ་གྲྭའི་འགོ་འཛིན་གཞོན་པ་ཀྲང་ཞི་ཡིས། AIཡི་གྲོས་འགོ་དང་ས་གནས་ས་ཐོག་གི་བཟོ་བོ་རྙིང་པའི་བཀོལ་སྤྱོད་འཚམ་མཐུན་ཐུབ་ཚད་80%ལས་བརྒལ་ཡོད་པས། ཉམས་མྱོང་གྲངས་འཛིན་ཅན་དུ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། ཐབ་དྲོད་ཀྱི་དྲོད་ཚད་སྔོན་དཔག་གནད་ལ་འཁེལ་ཚད་དེ་དེ་སྔའི་མི་ཐབས་ལ་བརྟེན་པའི་65%ནས་70%བར་ནས་མིག་སྔའི་90%ཡན་བར་མཐོ་རུ་ཕྱིན་ཡོད་ཅེས་བརྗོད་ཡོད།
གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། 2023ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། འབྱུང་འཕྲོད་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་ཞིང་ཆེན་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་ནུས་པ་སྦྱིན་ཡོད། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་གྲངས་འཛིན་རིག་ནུས་ཅན་ལ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད་ཅིང་། རིམ་རྩིས་བྱས་ན་རྨང་གཞིའི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་3.5ལྷག་ཙམ་བསྐྲུན་ཟིན་པ་དང་། བཟོ་ལས་དྲ་སྦྲེལ་གྱིས་བཟོ་ལས་རིགས་ཆེན་པོ་41ཚང་མར་ཁྱབ་ཡོད།
ཞིང་ལས་ཁྱབ་ཁོངས་སུ། ཞིང་ནང་གི་རང་འགུལ་འཁོར་གཏོང་དང་ལོ་ཏོག་ཆ་འཕྲིན་འཚོལ་བསྡུ་ལས་སྟེགས་དང་། བཞོན་མར་གཟན་ཆས་གནད་དུ་འཁེལ་བའི་ངང་སྟེར་བའི་སྒྲིག་ཆས་སོགས་ཚོད་ལྟ་ཁང་ནས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་སླེབས་པས། རང་རྒྱལ་གྱི་རིག་ནུས་ཞིང་ལས་གསར་གཏོད་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད།
མིག་སྔར། ཞིང་ལས་ཞིང་ཆེན་ཆེ་གྲས་ཧེ་ལུང་ཅང་དུ་དཔྱིད་རྨོས་གྲ་སྒྲིག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། པེ་ཏ་ཧོང་ཚོགས་པའི་རིག་ལྡན་ཞིང་ལས་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱིས་“ཐེན་ཀུང་ཁའེ་ཝུ་”ཞེས་པའི་ཞིང་ལས་ཀྱི་དཔེ་དབྱིབས་ཆེན་པོ་གསར་པ་ཞིག་བཏོན་ཡོད། གྲངས་འཛིན་ཅན་གྱི་“ཞིང་ཆས་གསར་པ་”དེས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། ས་རྒྱུའི་སེར་ལངས་ཚུལ། གནམ་གཤིས་ཀྱི་གནས་ཚུལ་སོགས་ཕྱོགས་མཚམས་མང་པོའི་གཞི་གྲངས་བསྡུ་སྒྲིལ་བྱས་ནས། ཞིང་དུད་ཀྱིས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་ཞིང་ཁ་འདེབས་རྒྱུར་མཛུབ་ཁྲིད་བྱེད་ཐུབ་ཀྱི་ཡོད།
ཧའར་པིན་བཟོ་ལས་སློབ་ཆེན་ཞིང་ལས་མི་ཐབས་རིག་ནུས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཅང་ཅིང་ཁྲེ་ཡིས། “ཐེན་ཀུང་ཁའེ་ཝུ་”ཞེས་པའི་ཞིང་ལས་ཀྱི་དཔེ་དབྱིབས་ཆེན་པོས་འབྱུང་འགྱུར་གཟའ་འཁོར་གཉིས་ཀྱི་ལོ་ཏོག་སྐྱེ་འཚར་གནས་ཚུལ་སྔོན་དཔག་བྱེད་ཐུབ་ཅིང་། ལོ་ཏོག་སྐྱེ་འཚར་གྱི་གནས་ཚུལ་ལ་གཞིགས་ནས་ཞིང་དུད་ལ་རང་འགུལ་ཅན་གྱི་རྣང་མ་རེ་རེའི་ཞིང་ལས་མཛུབ་ཁྲིད་བསམ་འཆར་བཏོན་ནས། མི་ཐབས་རིག་ནུས་རིག་ཚན་གྱི་བཟང་ཆ་དང་ཚན་ཞིབ་གྲུབ་འབྲས་དེ་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱེད་ཐུབ་ཅེས་བརྗོད་ཡོད།
རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དེ་“གྲངས་འཛིན་གཞི་གདན་”གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། མིག་སྔར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཟིན་པ་དང་། རྩིས་ནུས་ཀྱི་སྤྱིའི་གཞི་ཁྱོན་དེ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད། ཉེ་ཆར། མཚོ་སྔོན་ཟི་ལིང་དུ་གནས་པའི་རང་རྒྱལ་གྱི་ནུས་རྒྱུ་གཙང་མ་དང་འབྱུང་འཕྲོད་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་པོ་དེའི་ནང་། ལས་དོན་མི་སྣས་ཟི་ལིང་ནས་ཀྲེ་ཅང་ཧང་ཀྲོའུ་བར་གྱི་ཞིང་ཆེན་དང་ས་ཁོངས་ལས་བརྒལ་བའི་རྩིས་ནུས་གློག་ཤུགས་མཐུན་སྦྱོར་བཀོད་གཏོང་གི་ཚོད་ལྟ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཡིང་ཀུང་གིས། ང་ཚོས་ནུས་རྒྱུ་གཙང་མའི་བཟང་ཆ་ཆེ་ཤོས་དེ་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་འགྲན་རྩོད་ནུས་པར་བསྒྱུར་ནས། ནུས་རྒྱུ་གཙང་མའི་ཐོག་འབྱུང་འཕྲོད་རྩིས་ནུས་སྣོན་པའི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མ་དཔེ་ཞིག་བཏོད་ཡོད། དེའི་མཐའ་མའི་དམིགས་འབེན་ནི་མཚོ་སྔོན་གྱིས་ནུབ་རྒྱུད་ལ་གཞི་རྐང་ཚུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འབྱུང་འཕྲོད་རྩིས་གློག་མཐུན་སྦྱོར་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་ཞིག་གཏོད་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།
གྲངས་འཛིན་ལག་རྩལ་གསར་གཏོད་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ལམ་ལོ་ཤས་རིང་། རང་རྒྱལ་གྱིས་འདུས་གྲུབ་གློག་ལམ་དང་རྨང་གཞིའི་མཉེན་ཆས་སོགས་ཁྱབ་ཁོངས་སུ་མཐུན་སྦྱོར་འགག་སྒྲོལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། 6Gརྒྱང་ལྟའི་ཞིབ་འཇུག་དང་ལག་རྩལ་ཚོད་ལྟར་སྐུལ་འདེད་ཏན་ཏིག་བཏང་བས། མི་ཐབས་རིག་ནུས་དང་ཚད་རྡུལ་ཚན་རྩལ། ཀླད་འཕྲུལ་འབྲེལ་མཐུད་སོགས་ལ་འཕེལ་རིམ་གལ་ཆེན་ཐོན་ཞིང་། གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།
ད་ལོའི་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག མི་དབྱིབས་འཕྲུལ་མིའི་འཁྲབ་སྟོན་ནང་ཀྲུང་གོའི་དྲག་རྩལ་དང་ཀྲུང་གོའི་ཚན་རྩལ་མཉམ་འདྲེས་གཏིང་ཟབ་བྱས་ནས་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་བཤམས་ཡོད། གར་སྟེགས་ཐོག་ཏུ་ཙམ་མ་ཟད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་གཅིག་བདག་ཁེ་དབང་ཡོད་པའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་སྟེ། མི་དབྱིབས་འཕྲུལ་མི་ནས་རིག་ལྡན་གཏེར་རིའི་བར་དང་། གྲངས་འཛིན་རིག་གནས་ཡུལ་སྐོར་ནས་རིག་ནུས་གློག་གསོག་བར་གྲངས་འཛིན་ལག་རྩལ་གྱིས་ཐོན་སྐྱེད་དང་འཚོ་བའི་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ལི་ལེ་ཁྲེང་གིས། འཕྲུལ་མིས་གར་སྟེགས་ཐོག་མངོན་པ་ནི་“དྲག་རྩལ་”དང་“རྩལ་ནུས་”ཙམ་མ་ཡིན་པར་ཀྲུང་གོའི་མི་ཐབས་རིག་ནུས་དེ་ཚན་རྩལ་འགག་སྒྲོལ་ནས་ལྗོངས་རྣམ་དངོས་སུ་དོན་འཁྱོལ་བྱེད་པའི་“ཀྲུང་གོའི་དྲག་རྩལ་”ཡིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་སྤྱོད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། མི་ཐབས་རིག་ནུས་ཀྱི་“འགག་རྩའི་འགྱུར་ཚད་”དེ་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་བའི་“འཕར་ཚད་ཆེན་པོ་”ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད་ཡོད།
2025ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་10.5%ཡན་ཟིན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གྲངས་འཛིན་རིག་ནུས་ཅན་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད། ད་ཆ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ཕྱོགས་གཉིས་ནས་ནུས་པ་ཐོན་བཞིན་པ་དེས། རང་རྒྱལ་གྱི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་གྱི་བརྗིད་ཆེའི་རྣམ་པ་བསྐྱར་སྐྲུན་གང་ལེགས་བྱེད་བཞིན་ཡོད།
རྒྱལ་ཁབ་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས། ད་ལོ། ང་ཚོས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་དང་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་རྨང་གཞིའི་ཐོག གྲངས་འཛིན་ཐོན་ལས་ཁྱུ་ཚོགས་རིམ་བཞིན་སྐྱེད་སྲིང་བྱ་རྒྱུ་འབུར་དུ་ཐོན་པར་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་གྱི་གསར་གཏོད་རྣམ་པའི་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲོང་ཁྱེར་གྱི་ཁྱབ་ཁོངས་ཧྲིལ་པོའི་གྲངས་འཛིན་ཅན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲངས་འཛིན་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།