རྒྱལ་ཡོངས་སུ་ཞིང་ཁ་མུའུ་དུང་ཕྱུར་གཅིག་ལས་བརྒལ་བར་དཔྱིད་ཆུ་བཏང་ཟིན་པ།
2026-04-03 09:56:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མིག་སྔར་དཔྱིད་ཆུ་གཏོང་བའི་འགག་རྩའི་དུས་མཚམས་ཡིན། ཆུ་བེད་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་སུ་ཞིང་ཁ་མུའུ་དུང་ཕྱུར་གཅིག་ལས་བརྒལ་བར་དཔྱིད་ཆུ་བཏང་ཟིན་ཡོད། ས་གནས་ཁག་གིས་ཡུལ་བབས་དང་བསྟུན་པ་དང་། གནད་ལ་འཕིགས་པའི་བཀོད་གཏོང་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔྱིད་ཆུ་གཏོང་བའི་ཆུ་འགན་ལེན་བྱས་ཡོད།
མིག་སྔར་གྲོ་སྐྱེ་འཚར་ལ་དཔྱིད་ཆུ་གཏོང་བའི་འགག་རྩའི་དུས་ཡིན་པ་དང་། ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཏུང་ཡིང་ཁུལ་ཧྲེ་ཁའུ་གྲོང་བརྡལ་གྱི་རིག་ལྡན་ཞིང་ར་ཞིག་གི་ཞིང་ཁ་མུའུ་1500ཡི་ནང་། ཐིགས་ཆུའི་སྦུག་ལམ་རེ་རེ་རྣང་མ་ལྟར་བཏིང་ཡོད་པ་དང་། ཆུ་དང་ལུད་སྦུག་ལམ་བརྒྱུད་གནད་ལ་འཕིགས་པའི་ངང་ལོ་ཏོག་གི་རྩ་བར་སླེབས་ཀྱི་ཡོད། ཞིང་རའི་འདེབས་འཛུགས་ལག་རྩལ་པ་ལིའུ་ཙེ་ལིང་གིས། ད་ཆ་ཐིགས་ཆུ་གཏོང་བའི་ལག་རྩལ་བེད་སྤྱད་པས་ཆུ་བརྒྱ་ཆ་80ལྷག་གྲོན་ཆུང་ཐུབ་ཀྱི་ཡོད། ཆུ་དང་ལུད་ཐད་ཀར་རྩ་བར་སྐྱེལ་ཐུབ་པས། གྲོ་ཡག་པོ་སྐྱེ་ཐུབ་པ་མ་ཟད་ཚྭ་ལོག་མི་ཐེབས་པ་དང་། ཆུ་དང་ལུད། ལས་མི་བཅས་གྲོན་ཆུང་ཐུབ་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད།
ཐིགས་ཆུ་གཏོང་རྒྱུ་ལས་ཕྱོད་མཐོ་པོའི་ངང་འཁོར་རྒྱུག་བྱ་རྒྱུར་འགན་ལེན་བྱ་ཆེད། ས་གནས་དེ་གས་དུས་མཚུངས་སུ་ཐིགས་ཆུའི་སྦུག་ལམ་བཤངས་བ་དང་ཆུ་སིམས་རྒྱུ་འགོག་པའི་སྒྱུར་བཅོས་བྱས་ཡོད། བ་ཚྭ་ཅན་ས་ཞིང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གནད་ལ་འཕིགས་པའི་ངང་བཀོད་གཏོང་ཇུས་གཞི་བཟོས་པ་དང་། གྲོ་སྐྱེ་བ་ནས་ཆུ་གཏོང་བའི་བར་འགག་རྩའི་ཐིགས་ཆུ་ཐེངས་གསུམ་ནས་བཞི་བར་གཏོང་གི་ཡོད། ཧྲེ་ཁའུ་གྲོང་བརྡལ་ཞིང་ལས་དང་གྲོང་གསེབ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེང་ཀུང་གིས། ཆུ་དང་ལུད་གཞི་གཅིག་ཅན་གྱི་ལག་རྩལ་དེས་ཆུའི་ཐོན་ཁུངས་གྲོན་ཆུང་ཆེན་པོ་ཐུབ་ནས། དཔྱིད་ཆུ་གཏོང་བའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་། ད་དུང་ས་རྒྱུ་ཚྭ་ལོག་ཐེབས་རྒྱུར་ཚོད་འཛིན་ནུས་ལྡན་ཐུབ་ཀྱི་ཡོད་ལ། བ་ཚྭ་ཅན་གྱི་ས་རྒྱུའི་ཁོར་ཡུག་ལེགས་བཅོས་ཐུབ་པ་དང་དུས་མཚུངས་རྫས་ལུད་ཟད་གྲོན་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པས། ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་གྲོང་ཆུང་དང་ཕན་འབྲས་མཐོ་རུ་གཏོང་ཐུབ་པ་མ་ཟད་འབྱུང་ཁམས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
















