རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཕྱི་རྒྱལ་གྱི་མ་དངུལ་འཇོག་པའི་རྣམ་གྲངས་གལ་ཆེན་ཁག་ཅིག་བཏོན་པ་དང་། མ་དངུལ་ཨ་སྒོར་དུང་ཕྱུར་134འཇོག་རྩིས་ཡོད་པ།
2026-03-19 19:18:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དཔེ་མཚོན་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་ཁག་13བཏོན་པ་དང་། མ་དངུལ་ཨ་སྒོར་དུང་ཕྱུར་134འཇོག་རྩིས་ཡོད་པ་རེད།
གསར་དུ་བདམས་པའི་རྣམ་གྲངས་ནི་གཙོ་བོ་གློག་རྡུལ་བཟོ་སྐྲུན་དང་། རྫས་འགྱུར་བཟོ་ལས། རླངས་འཁོར། འཕྲུལ་ཆས་སོགས་ཚུད་པའི་བཟོ་སྐྲུན་ལས་རིགས་སུ་གཅིག་སྡུད་བྱས་ཤིང་། ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ད་ལོ། ཟོག་འགྲེམས་རྣམ་གྲངས་དེ་དཔེ་མཚོན་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་ཁག་གསར་པའི་གསལ་ཐོའི་ནང་ཐོག་མར་བཅུག་ནས། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་རྣམ་གྲངས་ལ་མུ་མཐུད་རྒྱབ་སྐྱོར་བྱས་པ་དང་། རང་རྒྱལ་གྱིས་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད། གཞན་ཡང་། མ་འཇོག་ཡོང་ཁུངས་དེ་བས་སྣ་མང་ཅན་དུ་གྱུར་ཞིང་། དེའི་ཁྲོད་དབྱིན་ཇི་དང་། འཇར་མན། སུའེ་ཙེར། སུའེ་ཏེན། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཚུད་ཡོད་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཕྱི་རྒྱལ་མ་འཇོག་སིའི་སི་ཀྲང་གཞོན་པ་ཅིང་ཆིན་གྱིས། ང་ཚོས་ཞབས་ཞུའི་ལས་རིགས་གཙོ་གནད་དུ་བྱས་ནས། ཁྲོམ་རའི་ཆོག་འཐུས་དང་སྒོ་དབྱེའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པའི་བཟང་ཆ་གསར་པ་གསོ་སྤེལ་བྱ་རྒྱུ་ཡིན་པ་དང་། ང་ཚོས་ད་དུང་《ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་བའི་ཐོན་ལས་དཀར་ཆག》པར་གཞི་གསར་པ་ལག་བསྟར་ཡག་པོ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་དེ་བས་མང་བ་སྔོན་ཐོན་བཟོ་སྐྲུན་དང་། དེང་རབས་ཞབས་ཞུ། མཐོ་གསར་ལག་རྩལ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ད་དུང་། ང་ཚོས་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་རྣམ་གྲངས་གལ་ཆེན་ལས་དོན་གྱི་ཆེད་དོན་ལས་སྒྲུབ་ཚོ་ཆུང་གི་སྟོབས་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྣམ་གྲངས་རྗེས་འདེད་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་བ། ཁེ་ལས་ཀྱི་རེ་འདུན་ལ་ཉན་པ། དོན་དངོས་གནད་དོན་མཐུན་སྦྱོར་ཐག་གཅོད་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ད་ལོ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དཔེ་མཚོན་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་གྱི་གསལ་ཐོ་བརྗེ་ཐེངས་དགུ་པ་དེ་རེད། དཔེ་མཚོན་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་དངུལ་འཇོག་པའི་རྣམ་གྲངས་གལ་ཆེན་ལ་མ་དངུལ་འཇོག་མང་བ་དང་། ཐོན་ལས་ཀྱི་སྐུལ་ཁྲིད་རང་བཞིན་ཆེ་བ། ལག་རྩལ་གྱི་སྣེ་ཁྲིད་རང་བཞིན་མངོན་གསལ་དོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། མིག་སྔའི་བར། དཔེ་མཚོན་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་ལ་རིམ་རྩིས་བྱས་ན་མ་དངུལ་ཨ་སྒོར་དུང་ཕྱུར་1080བཏང་ནས། མ་དངུལ་ནང་འདྲེན་གྱི་དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
















