ཉིན་40ཡི་རིང་གནམ་གྲུ་ཐེངས་གྲངས་7315གཏོང་རྒྱུ་རེད་འདུག
2026ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་དེ་སྤྱི་ཟླ་2ཚེས་2ཉིན་དངོས་སུ་འགོ་ཚུགས་ཤིང་། སྤྱི་ཟླ་3ཚེས་13ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པས་དུས་ཡུན་ཁྱོན་བསྡོམས་ཉིན་40ཡིན་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་དཔྱིད་གསར་སྐྱེལ་འདྲེན་ཐེངས་དང་པོ་དེ་ཡིན་པའི་ཆ་ནས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ཀྱིས་“དུས་བདེ་དང་།སྟབས་བདེ། དྲོ་སྐྱིད”བཅས་དམིགས་ཚད་དུ་བཟུང་སྟེ། བདེ་འཇགས་དང་ཞབས་ཞུའི་ལས་དོན་སྤྱི་འདོམས་ཀྱིས་འགྲུལ་པ་བདེ་བླག་ངང་བསྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་བོད་ལྗོངས་ཀྱི་གནམ་ཐང་ཁག་གིས་གནམ་གྲུ་འཕུར་སྐྱོད་ཐེངས་7315དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་77.9ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་3.7%དང་3.2%འཕར་རྒྱུ་རེད། དེའི་ནང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་གནམ་གྲུ་འཕུར་སྐྱོད་ཐེངས་5279ཡི་འགན་ལེན་ལས་འགན་འཁུར་རྒྱུ་ཡིན་པ་དང་། འགྲུལ་པ་མང་ཤོས་ཀྱི་དུས་ཚོད་ནི་སྤྱི་ཟླ་2ཚེས་9ཉིན་ནས་14ཉིན་བར་བོད་ལྗོངས་ནས་ཕྱིར་ཐོན་མཁན་མང་ཤོས་དང་། སྤྱི་ཟླ་2ཚེས་23ཉིན་ནས་27ཉིན་བར་བོད་ལྗོངས་སུ་ཚུར་ཡོང་མཁན་མང་བའི་དུས་ཡིན་ལ། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ལྷ་ས་གོང་དཀར་གནམ་ཐང་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་1.5ཟིན་རྒྱུ་ཡིན་པ་རེད།

བདེ་འཇགས་སྐྱེལ་འདྲེན་ཐད། དགུན་དུས་ཀྱི་རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱི་འགྲན་སློང་ལ་དམིགས་ནས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཆེད་དོན་ལས་ཀའི་ཇུས་གཞི་བཟོས་ཏེ་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཡོད། བོད་ལྗོངས་ལྟ་སྐུལ་དོ་དམ་ཅུད་དང་སྤྱི་བདེ་ཅུད་ཀྱིས་ཆེད་དོན་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མཁའ་འགྲུལ་དོ་དམ་ལྟེ་གནས་ཀྱིས་གནམ་གཤིས་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་ནས་རྙོག་འཛིང་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་བ། གནམ་ཐང་ཚོགས་པས་ཛ་དྲག་སྔོན་ཇུས་ལེགས་སུ་བཏང་ནས་འཁྱགས་འགོག་དངོས་ཟོག་འདང་ངེས་གྲ་སྒྲིག་བྱས་པ། མཁའ་འགྲུལ་ཀུང་སི་ཁག་གིས་འཕུར་སྐྱོད་རུ་ཁག་ལ་དོ་དམ་ནན་པོ་བྱས་ནས་ནུས་ཤུགས་ལས་བརྒལ་བའི་འཁོར་སྐྱོད་གཏན་འགོག་བྱས་ཡོད།

སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་ཐད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ཀྱིས་འགྲུལ་བཞུད་ཀྱི་འཕེལ་ཕྱོགས་ལ་བབ་བསྟུན་བརྡར་གཅོད་བྱས་ཏེ། མཁའ་འགྲུལ་ཀུང་སིས་དུས་ཚོད་འཕར་མ་དང་གནམ་གྲུ་ཆེ་གྲས་བརྗེ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་བ་དང་། གཙོ་གནད་ཐོག་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན་སོགས་ཀྱི་མཁའ་ལམ་ཐོག་གནམ་གྲུ་འཕུར་ཐེངས་ཇེ་མང་དུ་བཏང་ཡོད། དེ་དང་ཆབས་ཅིག་ལམ་ཐག་རིང་བའི་མཁའ་ལམ་མཐུད་མའི་ཞབས་ཞུ་ཕུན་སུམ་ཚོགས་སུ་བཏང་ནས་བར་བརྒྱུད་སྟབས་བདེ་ཡོང་བ་བྱས་ཏེ།“མི་ཤར་གཏོང་ཐུབ་པ་དང་དངོས་ཟོག་ཤར་གཏོང་ཐུབ་པ”འགན་ལེན་བྱེད་བཞིན་ཡོད།

ཞབས་ཞུ་འགན་ལེན་ཐད། གནམ་ཐང་ཁག་གིས་དྲོ་སྐྱིད་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་སྟེ། དམིགས་བསལ་ཚོགས་སྤྱིར་དམིགས་ནས་བརྒྱུད་རིམ་ཧྲིལ་པོར་ཁྲིད་སྟོན་བྱེད་པ་དང་། བདེ་འཇགས་ཞིབ་བཤེར་གྱི་བགྲོད་ལམ་མང་དུ་གཏོང་བ། གཤེར་གཟུགས་རིགས་རིན་མེད་དབྱེ་འཇུག་གི་ཞབས་ཞུ་མཁོ་འདོན་བྱེད་པ། འབྱོར་ཡུལ་དུ་“གཅེས་སེམས་ས་ཚིགས”བཙུགས་ནས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་རེད། དེ་དང་ཆབས་ཅིག་རིན་གོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞུ་གཏུག་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། འགྲུལ་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་ལས་བྱེད་པ་དང་ལས་བཟོ་ཚོས་སེམས་ཤུགས་ཆེན་པོས“དུས་བདེའི་དཔྱིད་གསར་སྐྱེལ་འདྲེན་དང་། སྟབས་བདེའི་དཔྱིད་གསར་སྐྱེལ་འདྲེན། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཏེ། འགྲུལ་པ་ཚོར་ལམ་བར་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་དུ་འཇུག་རྒྱུ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
གསར་འགོད་པ། བསྟན་དབང་། གཡུང་དྲུང་།
















