ཀྲུང་དབྱང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་བ་ལོ་བཞི་བསྟུད་མར་སྒོར་དུང་ཕྱུར་ཁྲི་330ལས་བརྒལ་བ།
2026-01-29 16:41:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་1ཚེས་28ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་2025ལོའི་གཞུང་ཁོངས་མ་རྩའི་ཀྲུང་དབྱང་ཁེ་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
2025ལོའི་ལོ་མཇུག་བར་སླེབས་དུས། ཀྲུང་དབྱང་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་95ལས་བརྒལ་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.1ལེགས་གྲུབ་བྱུང་བ། ཁྲལ་དངུལ་སྒོར་དུང་ཕྱུར་ཁྲི་2.5འཇལ་སྤྲོད་བྱས་པ། ཐོན་ལས་སྦྲེལ་ཐག་གི་གོང་འོག་ཁེ་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད། གཞུང་ཁོངས་མ་རྩའི་ཀྲུང་དབྱང་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད།
མིག་སྔའི་བར་སླེབས་དུས། ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་ཞིབ་འཇུག་གསར་སྤེལ་སྟེགས་བུ་474བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་91བསྐྱར་སྒྲིག་བྱས་ནས་ནང་འཇུག་བྱས་པ། སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་10བསྐྲུན་ཡོད། དེ་དང་ཆབས་ཅིག ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་བརྗེ་ སྒྱུར་བྱ་རྒྱུ་ཡང་རིམ་སྤར་བྱས་ཡོད། 2025ལོར། ཀྲུང་དབྱང་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི་2.5བཏང་བ་དེས་མ་དངུལ་བསྡོམས་འབོར་གྱི་བརྒྱ་ཆ་41.8ཟིན་ཡོད། “ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པའི”རིང་། མཐུན་སྦྱོར་གསར་གཏོད་ཀྱང་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་བཏང་བ་དང་། ཁག་དང་པོའི་རྣམ་གྲངས་རྒྱལ་ཐོན་ཅན་དུ་འགྱུར་བའི་ཚད་51%ནས་79%བར་མཐོ་རུ་ཕྱིན་པ་དང་། དུས་དཀྱིལ་ཚོད་ལྟའི་ར་སྤྲོད་ལས་སྟེགས་134ལ་ཆེད་ལས་ཅན་གྱི་ཞབས་ཞུ་291སྒོ་འབྱེད་བྱས་པ། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་22ཚང་མར་སྣེ་ཁྲིད་པའམ་ཡང་ན་དེའི་ནང་ཞུགས་པ། འགག་སྒྲོལ་དང་སྣེ་ཁྲིད་བྱེད་པའི་ལག་རྩལ་རྣམ་གྲངས་121ཟིན་ཡོད་པ་རེད།
















