ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལེ་ཚན་གཉེར་འགོ་ཚུགས་པ་དང་ཀྲུང་གོ་གསར་པའི་མི་རིགས་རླུང་འཕྲིན་བྱ་གཞག་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཧྲེན་ཧའེ་ཞུང་གིས། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོགམི་རིགས་སྐད་ཡིག་གི་དྲིལ་བསྒྲགས་ལས་དོན་པ་མི་རབས་མང་པོས་མི་རིགས་མཐུན་སྒྲིལ་དང་རིག་གནས་རྒྱུན་འཛིན་གྱི་བླ་མེད་འགན་འཁྲི་ཕྲག་ཏུ་བཞེས་ཤིང་།ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་ནང་མི་རིགས་དྲིལ་བསྒྲགས་ཁྱབ་ཁོངས་སུ་སྒྲ་སྒྲིག་རྔ་དང་། སྟན་རྡོ་ལྟ་བུའི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་7འདས་པའི་ནང་། མི་རིགས་སྐད་ཡིག་ལེ་ཚན་ལ་སྤུས་མཐོའི་གོང་འཕེལ་གྱི་གོ་སྐབས་གསར་པ་འཕྲད་ཡོད་པས། གཙོ་རྒྱུག་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕེལ་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རླུང་འཕྲིན་ཡག་པོ་གཉེར་ཡང་རླུང་འཕྲིན་ཙམ་མ་ཡིན་པར། མི་རིགས་སྐད་ཡིག་གི་ལེ་ཚན་མཉམ་འདྲེས་བརྒྱུད་སྤེལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད་པ་དང་། དེ་ལྟར་མི་རིགས་56སེ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ལ་སྒྲིལ་བ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ།གཅིག་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་རྒྱུ་བཅས་མི་སེམས་ལ་དེ་བས་ཟུག་པ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ངོ་75ནི་ལམ་ཚད་རྡོ་རིང་ཞིག་ཡིན་ལ།དེ་བས་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་གྱིས་མི་རིགས་ལས་དོན་ཐད་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོགདབུ་རྩོམ་ལས་གཞི་སྔར་བས་གཏིང་ཟབ་ཏུ་དང་རིམ་པ་མཐོ་རུ་བཏང་སྟེ། གཙོ་འཛིན་གྱི་དགོངས་པ་མི་རིགས་ས་ཁུལ་གྱི་མི་རྣམས་ཀྱི་སེམས་ཀྱི་ཞིང་སར་སྦྲང་ཆར་ཟིལ་མ་ལྟར་སིམ་པར་བྱེད་དགོས་པ་དང་། བསམ་བློའི་ཐོག་སྒྱུ་རྩལ་དང་ལག་རྩལ་སྣོན་པའི་མཉམ་འདྲེས་བརྒྱུད་སྤེལ་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་ནུས་ཡོད་དང་ཕན་ཡོད་ཀྱི་གླེང་ཕྱོགས་རྒྱབ་སྐྱོར་མཁོ་འདོན་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རྒྱལ་སྤྱིའི་བརྒྱུད་སྤེལ་ཆོས་ཉིད་ལ་བརྩི་སྲུང་ཞུ་བ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་རིགས་ཀྱི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་སྔར་བས་གཏིང་ཟབ་ཏུ་དང་ལེགས་སུ་གཏོང་བ། ལེ་ཚན་ཚང་མ་རྩེ་གྲ་བཟོ་བའི་གསར་གཏོད་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་དགོས་ཞེས་གསུངས་འདུག
1950ལོའི་ཟླ་5པའི་ཚེས་22ཉིན། དེ་སྔའི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དངོས་སུ་གཏོང་འགོ་ཚུགས་པ་དང་། དུས་དེ་ནས་བཟུང་ཀྲུང་གོ་གསར་པའི་མི་རིགས་རླུང་འཕྲིན་བྱ་གཞག་དབུ་བརྙེས་ཡོད། ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་ཁྲོད་མི་རིགས་སྐད་ཡིག་རིགས་ཀྱི་ཆེད་བཙུགས་ལས་ཁུངས་ ཉག་ཅིག་དེ་ཡིན་པའི་ཆ་ནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་རླུང་འཕྲིན་གྱིས་རླུང་འཕྲིན་འཕྲིན་ལམ་4དང་མི་རིགས་སྐད་ཡིག་གི་དྲ་ཚིགས་5སྤུས་ཚད་མཐོ་པོས་ལེགས་སྒྱུར་དང་རིམ་སྤོར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྨྱན་སྦྱོར་གསར་པའི་སྟེགས་བུ་མང་པོ་བསྐྲུན་པ་བརྒྱུད། མི་རིགས་སྐད་ཡིག་ལེ་ཚན་བརྒྱུད་སྤེལ་གྱི་སྟེགས་བུའི་ཁྱུ་ཚོམས་ཤིག་བསྐྲུན་ཡོད། 《གངས་ལྗོངས་ས་མཐོ། གཙོ་འཛིན་དྲིན་ཆེ་》ཞེས་པ་སོགས་ཀྱི་གཙོ་གནད་ལེ་ཚན་བཏོན་པ་དང་།《སེ་འབྲུའི་འབྲུ་གུའི་བརྩེ་བ་》ཞེས་པ་དང་《ང་ཚོ་》ཞེས་པ་སོགས་ཀྱི་ལེ་ཚན་སྤུས་ལེགས་དང་ཆེད་དོན་གསར་འགྱུར་འགོད་སྤེལ་བྱས་པ་དང་། མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་མཛེས་པའི་འཚོ་བ་བསྐྲུན་པའི་གཏམ་རྒྱུད་བརྒྱུད་བསྒྲགས་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་གོང་འཕེལ་གཏོང་ཆེད་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད།
རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ཆིན་དབྱི་ཀྲི་དང་།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་ཡིས་ཁག་སོ་སོར་ཤིས་ཚིག་བསྒྲོན་ཡོད།
ཆིན་དབྱི་ཀྲི་ཡིས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལེ་ཚན་གྱིས་མི་རིགས་དང་འབྲེལ་བ་ཡོད་པའི་དྲིལ་བསྒྲགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། གང་དེ་དུས་རབས་གསར་པར་གཙོ་འཛིན་གྱི་དགོངས་པ་དྲིལ་བསྒྲགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ལྷན་གྱིས་སྤྱི་ཁྱབ་ལས་ཁུངས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པའི་ལས་དོན་མཉམ་དུ་ལེགས་པར་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་ལས་དོན་གྱི་གནས་སྟངས་ཆེན་པོ་ཆགས་པ་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། ཆ་ཕྱོགས་ཡོངས་ཀྱི་མཉམ་ལས་བྱེད་པ། བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་འདོན་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྟོབས་ཤུགས་གསར་པ་དེ་བས་ཆེ་བ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ཝང་ཧའེ་ཀྲོའུ་ཡིས་བོད་སྐད་རླུང་འཕྲིན་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རླུང་འཕྲིན་ལེ་ཚན་དང་པོ་དེ་ཡིན་པའི་གོང་འཕེལ་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་གཏོང་འགོ་ཚུགས་ནས་ལོ་ངོ་75སོང་རིང་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པ་དང་། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་གནང་བ་མ་ཟད། བོད་སྐད་ལེ་ཚན་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་ལེ་ཚན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱ་སོགས་ཀྱི་གྲོས་འགོ་བཏོན་གནང་ཡོད། ཕྱོགས་གཉིས་པོས་མི་རིགས་སྐད་ཡིག་ལེ་ཚན་མཁོ་སྤྲོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཁྱད་ཆོས་ལྡན་པའི་མི་རིགས་སྐད་ཡིག་གི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་གྱི་སྤུས་རྟགས་གཏོད་རྒྱུ། བརྒྱུད་སྤེལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་མཉམ་ལས་ཧུར་ཐག་བྱས་ནས། དུས་རབས་གསར་པའི་མི་རིགས་སྐད་ཡིག་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
རིགས་གཅིག་མཁས་པ་དང་རིག་གནས་པ། གསན་པ་པོའི་འཐུས་མི། དེ་བཞིན་མི་རིགས་སྐད་ཡིག་ལེ་ཚན་གྱི་ལས་མིའི་འཐུས་མི་སོགས་ཀྱིས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་དང་། མི་རིགས་རིག་གནས་དར་སྤེལ། མཐུན་སྒྲིལ་སྟོབས་ཤུགས་གཅིག་སྡུད་སོགས་ཀྱི་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་གནང་ཡོད།
རིགས་གཅིག་མཁས་པ་དང་རིག་གནས་པའི་འཐུས་མི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་མེང་མན་གྱིས། སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་གྱིས་ཏང་གི་གསུང་སྒྲ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་མཐའ་མཚམས་ཀྱི་སྤུན་ཟླའི་མི་རིགས་ཚོར་བརྒྱུད་བསྒྲགས་བྱས་ཡོད་ལ། གང་དེས་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བ་ཡང་མཚོན་ཡོད། ལོ་75རིང་། ལེ་ཚན་གྱིས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་སྔོག་འདོན་བྱས་ཡོད། མི་རིགས་སྐད་ཡིག་ལེ་ཚན་གྱིས་མཉམ་འདྲེས་སྨྱན་སྦྱོར་དུས་རབས་སུ་མུ་མཐུད་གསར་གཏོད་བྱེད་པ་དང་། དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་མཉམ་འདྲེས་སྨྱན་སྦྱོར་ལེ་ཚན་དེ་བས་མང་བ་གསར་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཧ་སག་སྐད་ཀྱི་ལེ་ཚན་གསན་པ་པོའི་འཐུས་མི། རྩོམ་པ་པོ་གྲགས་ཅན་ཡེར་ཁེ་ཞི·ཧོར་མན་པེ་ཁེས་ཁོང་མི་རིགས་སྐད་ཡིག་རླུང་འཕྲིན་དང་འགྲོགས་ནས་འཚར་ལོངས་བྱུང་བའི་ གཏམ་རྒྱུད་གླེང་ཡོད། ཁོང་གིས། ཉེ་བའི་ལོ་ཤས་ནང་། སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་གསོན་ཉམས་དོད་པ་མ་ཟད། གསན་པ་པོར་ཞབས་འདེགས་ཞུ་བའི་ནུས་པ་ཡང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་མ་ཟད། མ་འོངས་པར་མི་རིགས་སྐད་ཡིག་ལེ་ཚན་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག མི་རིགས་སྐད་ཡིག་ལེ་ཚན་གྱི་ལས་འཁྱུར་ངལ་གསོ་གནང་བའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་ཀུའུ་ལི་པ་ཧ་ཡིས་ཁོང་ནས་ལོ་ངོ་40ལྷག་ཙམ་རིང་གི་མི་རིགས་ལྔའི་སྐད་ཡིག་ལེ་ཚན་གྱི་འཕེལ་རིམ་ལ་བདེན་དཔང་གནང་ཚུལ་གསུངས་ཡོད། གཞོན་ནུ་ལས་མིའི་འཐུས་མི་ཆི་ལེ་ཀེར་གྱིས། མི་རིགས་རླུང་འཕྲིན་པ་རྒན་རབས་ཚོའི་གསར་གཏོད་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། གསར་འགྱུར་གྱི་ཕུགས་བསམ་དོན་གཉེར་དང་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ཆོད་སེམས་མཚོན་པར་བྱས་ཐོག དུས་རབས་གསར་པར་མི་རིགས་སྐད་ཡིག་ལེ་ཚན་དེ་བས་བཀྲག་མདངས་དང་ལྡན་པར་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་ལས་དོན་གྲོས་ཚོགས་ཀྱི་ཁོངས་མི་ལི་ཐིང་དང་། ཀྲོའུ་ཀྲེན་ཧུང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་རིག་གནས་དྲིལ་བསྒྲགས་སིའི་སི་ཀྲང་ཀྲང་མོའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་འགྲོ་བ་མིའི་ཐོབ་ཐང་བྱ་དོན་ཅུས་ཀྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲུའུ་ཧུང་ལི། གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཝེ། སློབ་གསོ་པུའི་མི་རིགས་སློབ་གསོ་གོང་འཕེལ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲའོ་ཅན་ཝུའུ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ། ཞིབ་འཇུག་པ་བཀྲ་ལོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེ་མོའི་སློབ་སྤྱི་གཞོན་པ་ཝང་ཀྲི་བཅས་ཚོགས་འདུར་ཞུགས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་མི་དམངས་སློབ་གྲྭ་ཆེ་མོ་བཅས་ཀྱི་འབྲེལ་ཡོད་པུའུ་དང་ཁྲུའི་འགན་འཁུར་མི་སྣ་དང་དེ་བཞིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལྟེ་གནས་ཀྱི་ལས་འཁྱུར་ངལ་གསོ་གནང་བའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི། ལས་གནས་ཀྱི་འཐབ་ས་དང་པོའི་ལས་མིའི་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
















