ཀ་ཧྲ་དམག་མཚམས་འཇོག་པའི་གྲོས་ཆོད་ལ་ནུས་པ་ཐོན་པ་དང་། དབྱི་སི་རལ་བ་3གློད་གྲོལ་བཏང་བ་མ་ཟད་དབྱི་སི་རལ་ལ་རྩིས་སྤྲོད་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀ་ཧྲ་ས་རྒྱུད་ཀྱི་དམག་མཚམས་འཇོག་པའི་གྲོས་ཆོད་ཚེས་19ཉིན་ནས་ནུས་པ་ཐོན་ཡོད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་19ཉིན་གྱི་དགོང་མོ་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཀ་ཧྲ་ས་རྒྱུད་དུ་བཀག་ཉར་བྱས་པའི་དབྱི་སི་རལ་བ་3ཧ་མ་སེས་གློད་གྲོལ་བཏང་བ་མ་ཟད་དབྱི་སི་རལ་འབྱོར་ཡོད་པ་རེད།
ཀ་ཧྲ་ཡི་དམག་མཚམས་འཇོག་པའི་གྲོས་ཆོད་དེ་ཐོག་མར་བྱས་ན་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་ཆུ་ཚོད་8དང་སྐར་མ་30ནས་ནུས་པ་ཐོན་རྒྱུ་ཡིན་པ་རེད། ཡིན་ནའང་། དབྱི་སི་རལ་གྱིས་ཕ་ལི་སེ་ཐན་དབྱི་སེ་ལམ་འགོག་རྒོལ་ལས་འགུལ་ཧ་མ་སེས་མཁོ་འདོན་བྱས་པའི་ཉིན་དེར་ཀློད་དཀྲོལ་བྱེད་རྩིས་ཡོད་པའི་བཀག་ཉར་བྱས་པའི་མི་སྣའི་མིང་ཐོ་འབྱོར་མེད་ཅེས་བརྗོད་ཡོད་པས། ནུས་པ་ཐོན་པའི་དུས་ཚོད་ཆུ་ཚོད་ཁ་ཤས་ནར་འགྱངས་བྱས་ཡོད། དབྱི་སི་རལ་མེ་སྒྱོགས་དམག་དང་དམག་འཐབ་གནམ་གྲུས་དེ་མུར་ཀ་ཧྲ་ས་རྒྱུད་ཀྱི་བྱང་རྒྱུད་དང་དབུས་རྒྱུད་ཀྱི་དམིགས་འབེན་མང་པོར་འཇབ་རྒོལ་བྱས་ཡོད་པས། མི་མང་པོ་མཆི་རྨས་བཟོས་ཡོད་པ་རེད།
ཧ་མ་སེས་ལན་ཆ་བྱས་ནས། དམག་མཚམས་འཇོག་པའི་གྲོས་ཆོད་ཀྱི་འབྲེལ་ཡོད་དོན་ཚན་ལ་བརྩིས་སྲུང་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། ཁ་ཐར་ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་སྔར་བཞིན་མཁའ་ཐོག་ནས་འབར་གཏོར་བྱས་པའི་རྐྱེན་གྱིས། ཧ་མ་སེས་མི་སྣ་མངགས་གཏོང་བྱས་ཏེ་ས་ཡུལ་དངོས་སུ་སྐྱོད་ནས་བཀག་ཉར་བྱས་པའི་མི་སྣའི་མིང་དང་གནས་ས་གཏན་འཁེལ་བྱེད་དགོས་པས། དུས་ཚོད་ཐོས་པ་འགོར་ཡོད་ཅེས་བསྟན་ཡོད་པ་རེད།
ཉིན་དེ་གའི་ཕྱི་ཙམ་སྐབས་སུ། དབྱི་སི་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་གསལ་བསྒྲགས་སྤེལ་ནས། ཧ་མ་སེས་མཁོ་འདོན་བྱས་པའི་བཀག་ཉར་བྱས་པའི་མི་སྣ་3གྱི་མིང་ཐོག་འབྱོར་བས། ཀ་ཧྲ་ས་རྒྱུད་ཀྱི་དམག་མཚམས་འཇོག་པ་དང་བཀག་ཉར་བྱས་པའི་མི་སྣས་བརྗེ་རེས་བྱེད་པའི་གྲོས་ཆོད་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་ཆུ་ཚོད་11དང་སྐར་མ་15ནས་བཟུང་ནུས་པ་ཐོན་ཡོད་ཅེས་བསྟན་ཡོད་པ་རེད།
དབྱི་སི་རལ་དམག་གིས་དེ་རྗེས་གྲོས་ཆོད་ཀྱི་གཏན་འབེབས་གཞིར་བཟུང་། ཀ་ཧྲ་ཡི་མཐའ་མཚམས་ས་རྒྱུད་དུ་བདེ་འཇགས་འགོག་སྲུང་བཀོད་སྒྲིག་བྱས་ཡོད། དེ་མིན། དབྱི་སི་རལ་དམག་གིས་ད་དུང་ཅོར་ཏན་ཆུ་བོའི་ནུས་ངོགས་དུ་བསྐྱར་དུ་དམག་མི་བཀོད་སྒྲིག་བྱས་ཡོད་པ་རེད།
ཕ་ལི་སེ་ཐན་བདེ་འཇགས་ཚན་པའི་མི་སྣས་ཚེས་19ཉིན། ཀ་ཧྲ་ས་རྒྱུད་དུ་དམག་མཚམས་འཇོག་པའི་གྲོས་ཆོད་ལ་ནུས་པ་ཐོན་རྗེས། མི་ཆོས་རོགས་སྐྱོབ་དངོས་ཟོག་ལཱ་ཧྥ་འགག་སྒོ་བརྒྱུད་ནས་ཀ་ཧྲ་ས་རྒྱུད་དུ་སྐྱེལ་འགོ་ཚུགས་ཡོད། གསར་འགྱུར་སྤེལ་བའི་བར། མི་ཆོས་རོགས་སྐྱོབ་དངོས་ཟོག་བླུགས་པའི་རླངས་འཁོར་300ལས་བརྒལ་བ་ཀ་ཧྲ་ས་རྒྱུད་དུ་འབྱོར་བ་དང་། དངོས་ཟོག་དེ་དག་གང་མགྱོགས་ས་གནས་དེ་གའི་ཡུལ་མིར་སྤྲོད་རྒྱུ་ཡིན་པ་རེད།
ཡིག་སྒྱུར། དབང་འདུས།
ཞུ་དག སྒྲོལ་མ་ཚེ་རིང་།