ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབྱི་སི་རལ་དང་ཧ་མ་སི་གཉིས་བར་ཀ་ཧྲར་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་འདུག

2025-01-16 14:48:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁ་ཐར་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ཀྱིས་སྤྱི་ཚེས་15ཉིན་གྱི་དགོང་མོར་ཁ་ཐར་གྱི་རྒྱལ་ས་ཏུའོ་ཧ་རུ་དབྱི་སི་རལ་དང་ཧ་མ་སིའི་བར་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་པ་ཁྱབ་བསྒྲགས་བྱས་ཡོད།

  དམག་མཚམས་འཇོག་པའི་གྲོས་མཐུན་དེ་དུས་རིམ་དབྱེ་ནས་ལག་བསྟར་བྱ་རྒྱུ་དང་། གྲོས་མཐུན་གྱི་ནང་དམག་མཚམས་འཇོག་རྒྱུ་དང་། བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱ་རྒྱུ། དབྱི་སི་རལ་གྱི་དམག་མི་རིམ་བཞིན་ཀ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ། ཆགས་ས་བརྟེན་ས་མེད་པར་གྱུར་བའི་གྲོང་མི་ཀ་ཧྲ་བྱང་རྒྱུད་ཀྱི་ཁྱིམ་གཞིས་སུ་ཕྱིར་ལོག་རྒྱུ། དེ་བཞིན་ཀ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཚུད་ཡོད། གྲོས་མཐུན་གྱི་དུས་རིམ་དང་པོ་དེ་སྤྱི་ཟླ་1ཚེས་19ཉིན་ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་། ཧ་མ་སིས་བཀག་ཉར་བྱས་པའི་མི་33གློད་གྲོལ་བཏང་ནས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་བཀག་ཉར་མི་སྣ་གློད་གྲོལ་གཏོང་བ་དང་བརྗེ་རེས་བྱ་རྒྱུ་ཡིན་པ་རེད།

  དབྱི་སི་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་དེའི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཀ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་ད་དུང་ནང་དོན་འགའ་གཏན་འཁེལ་བྱས་མེད་པས། དབྱི་སི་རལ་ཕྱོགས་ཀྱིས་དགོང་མོ་དེར་ཞིབ་ཕྲའི་གནས་ཚུལ་གཏན་འཁེལ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་དང་། གསལ་བསྒྲགས་ནང་ད་དུང་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་རེ་བ་དྲག་པོ་བཏོན་འོག ཧ་མ་སིས་མཇུག་མཐར་བཏོན་པའི་དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་དང་ཨེ་ཅིབ་བར་ཧྥེ་ཁྲིན་བར་ཁྱམས་བཀོད་སྒྲིག་བྱེད་པར་འགྱུར་བ་གཏོང་དགོས་པའི་བླང་བྱ་དེ་དོར་ཡོད་པ་བསྟན་ཡོད།

   ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་15ཉིན་གསལ་བསྒྲགས་སྤེལ་བའི་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཁྱོན་མི་62རྐྱེན་ལམ་དུ་ཤོར་བ་དང་མི་253ལ་རྨས་སྐྱོན་ཕོག་ཡོད་ཅེས་བསྟན་ཡོད།

  ཡིག་སྒྱུར། བདེ་ལྷ་མོ

  ཞུ་དག སྒྲོལ་མ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

དབྱི་སི་རལ་དང་ཧ་མ་སི་གཉིས་བར་ཀ་ཧྲར་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་འདུག

ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་15ཉིན་གསལ་བསྒྲགས་སྤེལ་བའི་ནང་།