ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧྥུའུ་ཅན་ཤ་མོན་གྱིས་སྦགས་གཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཐུན་སྦྱོར་གསར་སྐྲུན་བྱས་ནས། ལྗང་མདོག་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་བཏང་བ།

2024-11-26 09:37:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག  ཐཱན་ཉུང་གཏོང་དང་། སྦགས་གཙོག་ཉུང་གཏོང་།  ལྗང་མདོག་རྒྱ་སྐྱེད།  འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།  གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོད་དགོས་ཞེས་བསྟན་ཡོད།  རྒྱལ་ཡོངས་ཀྱི་ཁག་དང་པོའི་སྦགས་གཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཐུན་སྦྱོར་གསར་སྐྲུན་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་ཡིན་པའི་ཆ་ནས།  ཧྥུའུ་ཅན་ཞིང་ཆེན་ཤ་མོན་གྲོང་ཁྱེར་གྱིས་ཉེ་ལམ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་གཙོ་བོ་དག་ལ་དམིགས་ནས་ལྗང་མདོག་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།  
  འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་བྱ་རྒྱུ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།  སྤྱི་ལོ་2017ལོར།  ཤ་མོན་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་རིགས་དབྱེ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་།  འབྱུང་རྩ་ནས་མཐའ་སྣེའི་བར་གྱི་རིགས་དབྱེ་ནས་བླུག་པ་དང་།  བསྡུ་རུབ། སྐྱེལ་འདྲེན།  ཐག་གཅོད་བཅས་བརྒྱུད་རིམ་ཧྲིལ་པོའི་ཐག་གཅོད་དབྱེ་སྟངས་ཤིག་རིམ་བཞིན་གྲུབ་བཞིན་ཡོད། ཡིན་ནའང་ཉེ་བའི་ལོ་ཤས་ནང་།  མངགས་ཟས་དང་མྱུར་སྐྱེལ་སོགས་པའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་དང་བསྟུན་ནས།  ཐེངས་གཅིག་རང་བཞིན་གྱི་ཕོར་པ་དང་།  འགྱིག་ཕོར།   འོ་མ་བླུག་སྣོད། མྱུར་སྐྱེལ་ཐུམ་སྒྲིལ་གྱི་བཏུམས་རྫས་སོགས་པའི་འགྱིག་རོ་དེ་དག་དང་ཤེལ་རོ་དེ་དག་ལྡབ་ཀྱིས་མང་དུ་འགྲོ་བཞིན་ཡོད།  གོང་གསལ་གད་སྙིགས་དེ་དག་ཚུར་བསྡུ་ཉོ་བྱེད་པའི་ཁེ་བཟང་ཉུང་བ་དང་སླར་སྤྱོད་རུང་བའི་དངོས་པོ་བཟོ་བའི་བརྒྱུད་རིམ་རྙོག་དྲ་ཚ་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཚུར་བསྡུ་ཉོ་བྱེད་མཁན་ཧ་ཅང་དཀོན་པོ་ཡིན་ཞིང་། གད་སྙིགས་དེ་དག་ལ་རིན་ཐང་དམའ་བའི་ཚུར་བསྡུའི་དངོས་པོ་ཞེས་བརྗོད་ཀྱི་ཡོད། 
  སྤྱི་ལོ་2022ལོའི་ལོ་མཇུག་ཏུ།  ཤ་མོན་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་ཞིབ་ཅིང་ཕྲ་བར་དབྱེ་བ་ཕྱེ་བའི་རྨང་གཞིའི་ཐོག་ཏུ།  རྒྱལ་ཡོངས་ཀྱི་རིན་ཐང་དམའ་བའི་ཚུར་བསྡུའི་དངོས་པོའི་ཁག་གསེས་ལྟེ་གནས་དང་པོ་དེ་བཙུགས་པ་དང་།  གྲོང་མི་ཚོའི་འཚོ་བའི་ནང་བེད་མེད་ཀྱི་གད་སྙིགས་དེ་དག་ལ་འགྲོ་ས་གསར་པ་ཞིག་བྱུང་མ་ཟད།  ད་དུང་དངོས་པོ་དེ་དག་སྤྱད་ནས་འགྱིག་བཟོའི་གྱོན་གོས་སྐམ་ཆས་དང་།  ཤོག་སྣོད།  ཁོར་སྲུང་སྣོད་ཆས་སོགས་བཟོ་ཀྱི་ཡོད།  དེ་དང་ཆབས་ཅིག་ཏུ།  ཚོད་རྩིས་བརྒྱབ་པར་གཞིགས་ན།  རིན་ཐང་དམའ་བའི་ཚུར་བསྡུའི་དངོས་པོ་ཏུན་གཅིག་རེ་བསྡུ་རུབ་བྱས་ཚེ་ཡང་གཉིས་ཐཱན་རྫས་འབུད་བཤངས་བྱེད་ཚད་ཏུན་གཅིག་དང་གྲངས་ཆུང་དྲུག་དྲུག་ཉུང་དུ་གཏོང་ཐུབ་ཀྱི་ཡོད།  ཉིན་ཤས་གོང་།  ཤ་མོན་གྲོང་ཁྱེར་ཅི་མའེ་ཆུས་ཀྱིས་སྤྱི་ལོ་2023ལོར་ཚུར་བསྡུ་རུབ་བྱས་པའི་ཚུར་བསྡུའི་དངོས་པོས་རིམ་རྩིས་བྱས་ན་ཐཱན་འབུད་བཤངས་བྱེད་ཚད་ཏུན་2450ཙམ་ཉུང་དུ་བཏང་བ་དང་། གང་དེ་ཤ་མོན་གྲོང་ཁྱེར་གྱི་ཐོན་དབང་ཉོ་ཚོང་ལྟེ་གནས་སུ་ཉོ་ཚོང་ལེགས་གྲུབ་བྱུང་ཡོད་ཅིང་།  དེ་ནི་རང་རྒྱལ་གྱི་གྲོང་མི་སྡོད་ཁུལ་གྱི་རིན་ཐང་དམའ་བའི་ཚུར་བསྡུའི་དངོས་པོའི་རིགས་དབྱེའི་ཐཱན་ཉོ་ཚོང་རྣམ་གྲངས་ཐོག་མ་ཡིན་པ་རེད།  
  ད་ལོའི་སྤྱི་ཟླ་10པའི་ཚེས་31ཉིན་བར་དུ།  ཤ་མོན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཚུར་བསྡུ་ཐག་གཅོད་བྱས་པའི་རིན་ཐང་དམའ་བའི་དངོས་པོ་ཏུན་3ཁྲི་1སྟོང་2བརྒྱ་63དང་གྲངས་ཆུང་3ཟིན་པ་དང་།  ཡང་གཉིས་ཐཱན་རྫས་འབུད་བཤངས་བྱ་རྒྱུ་ཏུན་5ཁྲི་1སྟོང་9བརྒྱ་ཟིན་ཡོད།  མིག་སྔའི་བར་དུ།  ཤ་མོན་གྲོང་ཁྱེར་གྱིས་དངོས་སུ་དུས་བཀག་གཉིས་པའི་རིན་ཐང་དམའ་བའི་ཚུར་བསྡུའི་དངོས་པོའི་ཁག་གསེས་ལྟེ་གནས་བསྐྲུན་རྒྱུའི་འཆར་འགོད་འདིང་བཞིན་ཡོད། 
  འགྲིམ་འགྲུལ་སྐྱེལ་འདྲེན་ནི་ཤ་མོན་གྲོང་ཁྱེར་གྱི་སྦགས་གཙོག་ཉུང་གཏོང་དང་འབུད་བཤངས་ཉུང་གཏོང་མཐུན་སྦྱོར་གསར་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད།  དེའི་ཁྲོད་དུ་གྲུ་ཁ་དེ་ཉིད་ཤ་མོན་གྲོང་ཁྱེར་གྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་འགྲོ་བའི་ཀ་རྟེན་གལ་ཆེན་ཞིག་རེད།  དེ་སྔ་གྲུ་ཁ་དེ་ཡང་ཟད་གྲོན་ཆེ་བ་དང་འབུད་བཤངས་མང་བའི་བྱ་བ་ཞིག་རེད།  ཉེ་ལམ་ལོ་ཤས་ནང་ཤ་མོན་གྱིས་གྲུ་ཁའི་ལྗང་མདོག་རིག་ནུས་བརྗེ་སྒྱུར་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དང་།  ཤ་མོན་གྲུ་ཁའི་ཧའེ་རུན་གྲུ་ཁར།  མིག་གི་མཐོང་ཆོས་སུ་གྱུར་བའི་གྲུ་ཁའི་བཏེགས་ཟམ་དང་འགུལ་སྐྱོད་འཕྲུལ་ཆས་ཚང་མ་གཞི་རྩའི་ཆ་ནས་གློག་འགུལ་ཅན་ལ་བརྗེ་པ་བརྒྱབ་ཚར་ཡོད།  དེར་བརྟེན་གྲུ་ཁ་དེས་ལོ་ལྟར་ཁྲའེ་ཡའུ་སྣུམ་ཏུན་2700ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་ཅིང་།  ཡང་གཉིས་ཐཱན་རྫས་འབུད་བཤངས་བྱ་རྒྱུ་ཏུན་5400ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད།  
  སྦགས་གཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་ལས་དོན་ལ་གཅིག་འདོམས་ངང་སྐུལ་འདེད་གཏོང་ཆེད།  ཤ་མོན་གྲོང་ཁྱེར་གྱིས་ད་དུང་སྔར་ཡོད་ཀྱི་འབྱུང་ཁམས་ཁོར་ཡུག་གི་གྲངས་གཞི་ཆེ་མོའི་སྟེགས་བུའི་རྨང་གཞིའི་ཐོག་ད་དུང་ཐཱན་འབུད་བཤངས་རིག་ནུས་ཅན་གྱི་ཐོག་ནས་དོ་དམ་བྱེད་པའི་སྤྲིན་སྟེགས་ཤིག་བསྐྲུན་པ་དང་།  ནུས་ཁུངས་ཀྱི་འགྱུར་ལྡོག་དང་གྲོང་ཁྱེར་གྱི་ཐཱན་འབུད་བཤངས་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་ཐུབ་པ་མ་ཟད།  ད་དུང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་མིང་ཐོག་ནས་༼སྦགས་གཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཐུན་སྦྱོར་གསར་སྐྲུན་གྱི་ཚོད་ལྟའི་ཇུས་གཞི་(སྤྱི་ལོ་2024-2026)༽ཞེས་པ་པར་འགྲེམས་བྱས་ནས། དེ་མཚུངས་ཀྱི་ལས་འགན་དང་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ཡོད་པ་རེད།  

 

中央广播电视总台 央广网 版权所有

ཧྥུའུ་ཅན་ཤ་མོན་གྱིས་སྦགས་གཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཐུན་སྦྱོར་གསར་སྐྲུན་བྱས་ནས། ལྗང་མདོག་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་བཏང་བ།

དེ་མཚུངས་ཀྱི་ལས་འགན་དང་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ཡོད་པ་རེད།