ཏིང་ཞུའེ་ཞང་གིས་ལུའུ་སེམ་པོག་གི་དབུ་བཞུགས་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་སྤྱི་ཚེས་25ཉིན་པེ་ཅིང་དུ་ལུའུ་སེམ་པོག་གི་དབུ་བཞུགས་བློན་ཆེན་གཞོན་པ་པེ་ཐེར་དང་མཇལ་འཕྲད་གནང་ཡོད།
ཏིང་ཞུའེ་ཞང་གིས་ཀྲུང་གོ་དང་ལུའུ་སེམ་པོག་ནི་རྒྱལ་ཁབ་ཆེ་ཆུང་ཞི་མཐུན་མཉམ་གནས་དང་མཉམ་ལས་མཉམ་ཁེ་བྱས་པའི་དཔེ་མཚོན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལུའུ་སེམ་པོག་གི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་ཕྱོགས་ནས་ལུའུ་སེམ་པོག་དང་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་པོ་དང་། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་པའི་རོགས་ཟླ་བཟང་པོ་བྱས་ཏེ། "མཁའ་ཐོག་དར་གོས་ཚོང་ལམ་"དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག ཚན་རྩལ་གསར་གཏོད། སྦག་མེད་བརྗེ་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཏེ། ཀྲུང་གོ་དང་ལུའུ་སེམ་པོག་དང་ཀྲུང་དང་ཡོ་རོབ་ཀྱིས་སྒོ་འབྱེད་ཁྲོད་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན་ཡོད།
པེ་ཐེར་གྱིས་ལུའུ་སེམ་པོག་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུར་གཞོལ་ནས་དངུལ་རྩ་དང་། ཟོག་འདྲེན། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན་ཡོད།