འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུས་ཚེས་24ཉིན། ཟླ་9པར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པའི་ནུས་ཕྱོད་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་པ་དང་། སླད་བྱ་ཐབས་མང་པོས་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་བརྟན་པོ་དང་ལེགས་ཕྱོགས་སུ་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བསྟན་ཡོད།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ད་ལོའི་ཟླ་9པར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.11ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་3.2འཕར་ཡོད་ཅིང་། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་1.1གི་མགྱོགས་པ་ཡོད། དུས་མཚུངས་ཀྱི་ཚད་བཀག་མ་དངུལ་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་སིལ་འཚོང་བྱས་པའི་དངུལ་འབོར་དུས་མཚུངས་ལས་བརྒྱ་ཆ་20.5འཕར་ཡོད་པ་དང་། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་17.1གི་མགྱོགས་པ་ཡོད། རླངས་འཁོར་དང་། ཁྱིམ་ཆས་སོགས་སིལ་འཚོང་བྱས་པའི་དངུལ་འབོར་དུས་མཚུངས་པ་ལས་ཆ་སྙོམས་བརྒྱ་ཆ་0.4འཕར་ཡོད་ཅིང་། ཆག་པ་ནས་འཕར་བ་མངོན་འགྱུར་བྱུང་ཡོད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཟླ་9པར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པའི་ནུས་ཕྱོད་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་པས། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་བརྟན་པོ་དང་ལེགས་པའི་ཕྱོགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། སླད་ཕྱིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་གྱི་འཛད་སྤྱོད་དུས་ཆེན་གྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ནས། མུ་མཐུད་སྣ་མང་ཕུན་སུམ་ཚོགས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད། ཧོ་ཡ་ཏུང་གིས། རྙིང་ཚབ་གསར་བརྗེའི་དགོས་མཁོ་སྐོང་བའི་སྦྲེལ་མཐུད་དང་། རྫོང་སྟོང་དང་གྲོང་རྡལ་ཁྲིའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཛད་སྤྱོད་དུས་ཚིགས། དར་གོས་ལམ་བུའི་དངོས་རྫས་ཀྱི་གློག་རྡུལ་ཚོང་དོན་དུས་ཆེན་སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན། ང་ཚོས་ད་དུང་གློག་རྡུལ་ཚོང་དོན་སྟེགས་བུས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་གྱི་རིང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས། རྙིང་ཚབ་གསར་བརྗེའི་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
ཚོང་དོན་པུས་ཟླ་11པར། ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲོའུ། ཐེན་ཅིན། ཁྲུང་ཆིང་བཅས་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གྱི་སྤུས་ལེགས་དངོས་པོ་འཛད་སྤྱོད་བྱེད་པའི་ཟླ་བ་ཞེས་པ་གཉེར་རྩིས་ཡོད། སྤུས་ལེགས་དངོས་པོ་ཉོ་སྒྲུབ་དང་། སྤུས་ལེགས་ཞིམ་ཟས། སྤུས་ལེགས་ཡུལ་སྐོར་དང་སྤུས་ལེགས་འགྲེམས་སྟོན་སོགས་ཁྱབ་ཁོངས་ཆེན་པོ་བཞི་ལ་དམིགས་ནས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་བརྟན་པོ་དང་ལེགས་པའི་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།