དབྱི་སི་རལ་དམག་གིས་མུ་མཐུད་ནས་ལི་པ་ནོན་གྱི་ལྷོ་རྒྱུད་ལ་མཁའ་ཐོག་འཇབ་རྒོལ་ཐེངས་90ལྷག་ཙམ་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་28ཉིན་དབྱི་སི་རལ་དམག་ཕྱོགས་དང་ལི་པ་ནོན་སྐྱབས་མགོན་ཏང་གིས་སྔ་རྗེས་སུ། སྐྱབས་མགོན་ཏང་གི་འགོ་ཁྲིད་མི་སྣ་ན་སི་ལུ་ལ་དབྱི་སི་རལ་གྱི་མཁའ་ཐོག་འཇབ་རྒོལ་དྲག་པོའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཅིང་། དེ་ནི་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ནང་སྐྱབས་མགོན་ཏང་ལ་ཕོག་པའི་རྡུང་རྡེག་ཚབས་ཆེ་ཤོས་དེ་ཡིན་ཞེས་བཤད་ཡོད། དབྱི་སི་རལ་དམག་གིས། གནད་འཕིགས་གསང་འཕྲིན་ལ་བརྟེན་ནས་དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཚེས་27ཉིན་པེ་ལུ་ཐེ་ལྷོ་འདབས་ཀྱི་སྡོད་ཁང་ཞིག་གི་ས་འོག་ཏུ་ཡོད་པའི་སྐྱབས་མགོན་ཏང་གི་སྤྱི་ཁྱབ་པུའུ་ལ་གནས་གཏན་འཁེལ་གྱི་འཇབ་རྒོལ་བྱས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་མཁན་ནང་ལི་པ་ནོན་ལྷོ་རྒྱུད་ས་ཁུལ་དུ་ཡོད་པའི་སྐྱབས་མགོན་ཏང་གི་བཀོད་འདོམས་དཔོན་དང་། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མཐོ་རིམ་དམག་དཔོན་སོགས་ཡོད། འཇབ་རྒོལ་ཕོག་ཡུལ་ས་ཆ་མང་ཆེ་བ་ཐང་སྡེར་ལ་གྱུར་ཡོད་ཅེས་བཤད་འདུག
ཚེས་28ཉིན་ལི་པ་ནོན་དམག་ཕྱོགས་མི་སྣས། དབྱི་སི་རལ་དམག་གིས་ཉིན་དེར་ལི་པ་ནོན་ལྷོ་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ལ་མཁའ་ཐོག་འཇབ་རྒོལ་ཐེངས་90ལྷག་ཙམ་བྱས་ཡོད་ཅིང་། འཇབ་རྒོལ་བྱ་ཡུལ་ནི་ལི་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་གྲོང་ཚོ་དང་གྲོང་རྡལ་45ཡིན་པ་རེད། ལི་པ་ནོན་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་ཚེས་28ཉིན་གྱི་དགོང་མོར། དབྱི་སི་རལ་གྱིས་ཉིན་དེར་ལི་པ་ནོན་ལ་མཁའ་ཐོག་འཇབ་རྒོལ་བྱས་པའི་ཁྲོད་མི་33རྐྱེན་ལམ་དུ་ཤོར་བ་དང་། མི་195ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་འདུག ཚེས་28ཉིན་གྱི་དགོང་མོར་དབྱི་སི་རལ་བྱང་རྒྱུད་ལི་པ་ནོན་དང་དབྱི་སི་རལ་བར་གྱི་གནས་སྐབས་མཐའ་མཚམས་དང་ཉེ་བའི་སྡེ་ཁུལ་མང་པོ་ཞིག་ཏུ་མཁའ་ཟོན་ཉེན་བརྡ་གྲགས་པ་དང་། དེ་ནི་མི་མེད་གནམ་གྲུ་འདྲ་བའི་འཇབ་རྒོལ་ཕོག་བཟོ་ཡོད་པའི་ཉེན་བརྡ་བཏང་ཡོད། དབྱི་སི་རལ་རྒྱལ་སྲུང་དམག་གིས། སྔ་ཙམ་སྐབས་སུ། མེ་ཤུགས་འཕུར་མདེལ་ཞིག་ལི་པ་ནོན་ནས་ཅེ་རུབ་ས་ལམ་ས་ཁུལ་ལ་འཕེན་ཡོད་ཅེས་བཤད་འདུག
ཡེ་མོན་ཧུ་སའེ་དྲག་ཤོག་གིས་ཉིན་དེར་ཕ་ལེ་སི་ཐན་གཉིས་པ་རྟགས་ཅན་གྱི་མདེལ་ལམ་མེ་ཤུགས་འཕུར་མདེལ་སྤྱད་ནས་པོན་-གུ་ལི་ཨན་རྒྱལ་སྤྱིའི་གནམ་ཐང་ལ་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་བྱེད་སྐབས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུ་གནམ་ཐང་འདིར་འབྱོར་ཡོད། དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དྲག་ཇུས་དཔོན་གྱིས་ཚེས་28ཉིན་བྱང་ཕྱོགས་དམག་སྤྱི་པུའུ་ལ་བྱང་ཕྱོགས་དམག་འཐབ་ཀྱི་འཆར་གཞིར་ཆོག་མཆན་སྤྲད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས་ཚེས་28ཉིན་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་བ་དང་། འདས་ཟིན་པའི་ཆུ་ཚོད་24ནང་ལི་པ་ནོན་དང་དབྱི་སི་རལ་གྱི་གདོང་ཐུག་ཇེ་སྡུག་ཏུ་སོང་བར་སེམས་ཁྲལ་བྱས་ཡོད། དབྱི་སི་རལ་གྱིས་ལི་པ་ནོན་ལ་དམག་དོན་བྱ་སྤྱོད་སྤེལ་བར་དབྱི་རན་དང་། དབྱི་རག ཐུར་ཁེ། ཨུ་རུ་སུ་སོགས་རྒྱལ་ཁབ་ནས་གཅིག་མཇུག་གཉིས་མཐུད་དུ་དོན་དེར་སྐྱོན་འཛུགས་བྱས་ཡོད། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་ནས། དབྱི་སི་རལ་གྱིས་རང་ཉིད་ལ་སྐྱབས་མགོན་ཏང་དང་། ཧ་མ་སི། ཧུ་སའེ་དྲག་ཤོག་དེ་བཞིན་དབྱི་རན་གྱི་རྒྱབ་སྐྱོར་ཐོབ་པའི་དྲག་ཆས་སྒྲིག་འཛུགས་གང་རུང་བཅས་ཀྱི་བཙན་གནོད་མི་ཕོག་པའི་བྱ་རྒྱུར་སྲུང་སྐྱོང་བྱེད་པའི་དབང་ཆར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་འདུག