དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་ནས་ལི་པ་ནོན་སྐྱབས་མགོན་ཏང་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་པ་དང་། ལི་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་དང་སྒོ་དབྱེ་རྣམ་པའི་མཇུག་རྩིས་རྒྱག་པའི་དུས་ལ་སླེབས་ཡོད་ཅེས་བཤད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་དམག་དང་ལི་པ་ནོན་སྐྱབས་མགོན་ཏང་བར་གྱི་མཁའ་ཐོག་འཇབ་རྒོལ་དེ་ཚེས་22ཉིན་སླར་ཡང་ཛ་དྲག་ཏུ་ཕྱིན་ཡོད། དབྱི་སི་རལ་དམག་གིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཚེས་21ཉིན་ནས་ཚེས་22ཉིན་གྱི་ཐོ་རེངས་བར། ལི་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་དང་དེ་བཞིན་བཙན་བཟུང་བྱས་པའི་ཀོ་ལན་མཐོ་སར་མེ་ཤུགས་འཕུར་མདེལ་དང་། འབར་མདེལ། མི་མེད་གནམ་གྲུ་སོགས་ཁྱོན་བསྡོམས་150ལྷག་ཙམ་འཕེན་གཏོང་བྱས་ནས་མི་མང་པོར་རྨས་སྐྱོན་བཟོས་ཡོད་པ་དང་། ཁང་པ་དང་གཞུང་ལམ་རླངས་འཁོར་ཁག་ཅིག་གཏོར་བརླག་བཏང་ཡོད་པ་མ་ཟད། ས་གནས་མང་པོར་མེ་སྐྱོན་ཆེན་པོ་བཟོས་ཡོད་པ་རེད།
དབྱི་སི་རལ་དམག་གིས་སྔ་ཕྱིར་ལི་པ་ནོན་གྱི་ལྷོ་རྒྱུད་དང་དེ་བཞིན་ལི་ཐ་ཉི་ཆུ་བོའི་བྱང་རྒྱུད་སར་ཡོད་པའི་ལི་པ་ནོན་སྐྱབས་མགོན་ཏང་གི་དམིགས་འབེན་400ལྷག་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པ་དང་། མེ་ཤུགས་འཕུར་མདེལ་གྱི་འཕེན་གཏོང་ཡོ་ཆས་སྟོང་ལ་ཉེ་བ་རྩ་གཏོར་བཏང་ཡོད་པ་རེད།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉེ་ཡ་ཧུས་ཚེས་22ཉིན་བརྙན་ལམ་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་བ་དང་། ན་ནིང་ཟླ་10ཚེས་8ཉིན་ནས་ད་བར། ལི་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་དང་འབར་མདེལ་གྱི་འཇབ་རྒོལ་ཉིན་གཅིག་ཀྱང་ཆད་མྱོང་མེད་པ་དང་། དབྱི་སི་རལ་བྱང་རྒྱུད་ཀྱི་མཐའ་མཚམས་ས་རྒྱུད་ཀྱི་དབྱི་སི་རལ་བ་ཁྲི་དྲུག་ཙམ་དེས་རྐྱེན་པས་ཁྱིམ་གཞིས་ནས་ཁ་བྲལ་དགོས་བྱུང་ཡོད་ཅེས་དང་། ཁོང་གིས། དབྱི་སི་རལ་ཕྱོགས་ནས་དགོས་ངེས་བྱ་ཐབས་ཡོད་ཚད་སྤྱད་ནས་བདེ་འཇགས་སླར་གསོ་བྱས་ཏེ། ཁ་ཐོར་དུ་སོང་བའི་དབྱི་སི་རལ་གྱི་སྤྱི་དམངས་ཁྱིམ་གཞིས་སུ་ལོག་ཐུབ་ཏུ་འཇུག་རྒྱུ་ཡིན་ཞེས་བཤད་ཡོད།
ལི་པ་ནོན་སྐྱབས་མགོན་ཏང་གི་འགོ་ཁྲིད་མི་སྣ་གཞོན་པ་ན་དབྱི་མུ་.ཁ་ཞི་མུས་ཚེས་22ཉིན། ལི་པ་ནོན་སྐྱབས་མགོན་ཏང་དང་དབྱི་སི་རལ་བར་དམག་འཐབ་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། དེ་ནི་སྒོ་དབྱེ་རྣམ་པའི་མཇུག་རྩིས་རྒྱག་པའི་དམག་འཐབ་ཞིག་ཡིན་ཞེས་བཤད་ཡོད།
དབྱི་སི་རལ་དང་ལི་པ་ནོན་གྱི་གདོང་ཐུག་ཟམ་མི་ཆད་པར་ཇེ་སྡུག་ཏུ་སོང་བ་དང་དུས་མཚུངས། དབྱི་སི་རལ་གྱིས་སྔར་བཞིན་ཕ་ལེ་སི་ཐན་གྱི་ཀ་ཧྲ་ས་རྒྱུད་དུ་དམག་དོན་བྱ་སྤྱོད་མུ་མཐུད་ནས་སྤེལ་ཡོད། ཀ་ཧྲ་ས་རྒྱུད་ཀྱི་འཕྲོད་བསྟེན་ཚན་པས་ཚེས་22ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། འདས་ཟིན་པའི་ཆུ་ཚོད་24ནང་། དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་མི་40རྐྱེན་ལམ་དུ་བཏང་བ་དང་། མི་58ལ་རྨས་སྐྱོན་བཟོས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ཏི་ཡ་ལི་ཁེས་ཚེས་22ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅོར་ཏན་ཆུ་བོའི་ནུབ་རྒྱུད་ཀྱི་དོན་གཅོད་ཁང་དུ་ཡོད་པའི་ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་སྒོ་རྒྱག་པའི་དོན་དག་དེར་དོ་ཁུར་བྱེད་ཀྱི་ཡོད། ཉིན་དེའི་སྔ་ཙམ་གྱི་སྐབས་སུ། དབྱི་སི་རལ་དམག་གིས་ཕ་ལེ་སི་ཐན་གྱི་ཅོར་ཏན་ཆུ་བོའི་ནུབ་རྒྱུད་གྲོང་ཁྱེར་ལ་མུ་ཨན་ལའི་དོན་གཅོད་ཁང་དུ་གནས་པའི་ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་སུ་བཙན་འཛུལ་བྱས་པ་མ་ཟད་ཉིན་45སྒོ་རྒྱག་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བཤད་འདུག
མཉམ་འབྲེལ་རྒྱལ་ཚོགས་ལི་པ་ནོན་གནད་དོན་གྱི་དམིགས་བསལ་མཐུན་སྦྱོར་བ་ཡ་ཉིིན་.ཧེང་ཉི་སི་.ཕུ་ལ་སི་ཧ་ཐེས་ཚེས་22ཉིན། ལི་པ་ནོན་སྐྱབས་མགོན་ཏང་དང་དབྱི་སི་རལ་བར་གྱི་ཛ་དྲག་དུས་བབ་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་པ་དང་བསྟུན་ནས། དབུས་ཤར་གྱི་དུས་བབ་དེ་ཉེན་ཁའི་གནས་སུ་ལྷུངས་ཡོད། དེ་དང་ཆབས་ཅིག་དམག་དོན་བྱ་ཐབས་ཀྱིས་ཕྱོགས་གང་རུང་ཞིག་ལ་སྔར་བས་བདེ་འཇགས་ཡོང་མི་སྲིད་ཅེས་ནན་སྟོན་བྱས་ཡོད་ཅེས་བཤད་འདུག
དབྱི་རག་གི་ཡུལ་དམག་དྲག་ཆས་ཏེ་དབྱི་སི་ལམ་འགོག་རྒོལ་ལས་འགུལ་གྱིས་ཚེས་22ཉིན་གྱི་དགོང་མོར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། སྒྲིག་འཛུགས་འདིས་ཉིན་དེར་མི་མེད་གནམ་གྲུ་སྤྱད་ནས་ཅོར་ཏན་རོང་རྒྱུད་དུ་ཡོད་པའི་དབྱི་སི་རལ་ཕྱོགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཡོད་པ་མ་ཟད། ད་ཐེངས་ཀྱི་འཇབ་རྒོལ་ནི་སྒྲིག་འཛུགས་འདིས་དབྱི་སི་རལ་ཕྱོགས་ལ་དམིགས་པའི་རེས་སྐོར་ལྔ་པའི་འཇབ་རྒོལ་ཡིན་ཞེས་བཤད་ཡོད།
དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས། དབྱི་རན་རྒྱལ་ནང་གི་མངའ་སྡེ་དྲུག་གིས་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་མི་12འཛིན་བཟུང་བྱས་ཡོད་པ་དང་། མི་སྣ་དེ་ཚོས་དབྱི་རན་དུ་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་རྩིས་ཡོད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་དོན་དེར་ལན་ཆ་གང་ཡང་བྱས་མེད་པ་རེད་ཅེས་བསྟན་ཡོད།