ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

▶དམག་ཁོངས་ནས་བུད་པའི་དམག་མིས་ཆུ་ལོག་ཁྲོད་ནས་མི་50ལྷག་བསྐྱབས་པ།

2024-07-17 10:55:00     责编:娜科

འདི་ནི་ཟླ་འདིའི་ཟླ་སྟོད་དུ་ཧུའུ་ནན་ཡུའེ་ཡང་ཕིན་ཅང་རྫོང་དུ་བྱུང་བའི་གནས་ཚུལ་ཞིག་རེད། ཆུའི་ནང་དུ་སྐྱ་གྲུ་འཐེན་ནས་མང་ཚོགས་གནས་སྤོ་བྱེད་མཁན་ཁོང་གི་མིང་ལ་ཡུས་ཙུའུ་ཨེན་ཟེར་གྱི་ཡོད། ཆུ་ནང་དུ་འཛུལ་བའི་ཡུས་ཙུའུ་ཨེན་གྱི་མགོ་བོ་ཙམ་མ་གཏོགས་ཆུ་ཁར་ཐོན་མེད་པ་དེས་ཆུའི་གཏིང་ཟབ་པོ་ཡོད་པ་མཐོང་ཐུབ།  སྐྱ་གྲུ་གང་ཐུབ་བརྟན་པོ་ཡོང་ཆེད་ཁོང་གིས་གཟབ་གཟབ་སིལ་སིལ་ངང་ཆུ་རྐྱལ་རྒྱག་བཞིན་སྐྱ་གྲུ་འཐེན་ནས་མདུན་ཕྱོགས་སུ་བསྐྱོད་ཡོད། 

 

 

ཟླ་7ཚེས་1ཉིན་ཕིང་ཅང་རྫོང་ལ་དྲག་ཆར་ཆེན་པོ་བབས་ནས་གྲོང་ཁུལ་རྙིང་པའི་ས་ཆ་གསུམ་ཆ་གཅིག་ཙམ་ཆུས་བསྣུབས་པ་དང་། གྲོང་ཁུལ་གསར་པའི་ས་ཆ་ཕྱེད་ཀ་ཙམ་ཆུས་བསྣུབས་ཡོད། སྐྱ་གྲུའི་ལུས་རྩལ་སློབ་སྦྱོང་བྱས་ནས་ལོ་གསུམ་ལྷག་ཙམ་ཕྱིན་པའི་ཡུས་ཙུའུ་ཨེན་གྱི་ངོས་ནས་བཤད་ན། ཆུ་ལོག་འདིའི་ཁྲོད་ཁོང་གི་སྐྱ་གྲུ་གཏོང་བའི་དགའ་ཕྱོགས་ཀྱིས་མི་50ལྷག་ཙམ་བསྐྱབས་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

ཕིང་ཅང་རྫོང་ཧན་ཁྲང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཡུས་ཙུའུ་ཨེན་གྱིས། སྐབས་དེ་དུས་ང་རྒྱབ་ཕྱོགས་ནས་འཛུལ་བ་ཡིན། བར་ཁྱམས་འདི་ནས་ངས་མང་ཚོགས་གསུམ་གནས་སྤོ་བྱས་ཐུབ་བྱུང་། ངས་སྐྱ་གྲུ་བཏང་ནས་ཕྱིན་པ་ཡིན། སྐབས་དེ་དུས་སྣུམ་དུའི་འཕྲུལ་ཆས་འགའ་ཆུ་ཁར་གཡེང་འདུག འདི་ག་ནས་ནང་དུ་འཛུལ་ཁག་པོ་འདུག འདི་ནས་སྐྱ་གྲུ་དཀྱོག་ནས་འཛུལ་བ་ཡིན། སྐབས་དེར་ཆུ་རྡོ་སྐས་ཀྱི་མཚམས་སུ་སླེབས་འདུག་ཅེས་ཟེར། 

ཟླ་6ཚེས་18ཉིན་ནས་བཟུང་ཆར་པ་དྲག་པོ་བབས་པས། ཕིང་ཅང་རྫོང་མཁར་བརྒྱུད་ནས་བཞུར་བའི་སྨི་ལུའོ་གཙང་པོའི་ཆུ་ཁ་མུ་མཐུད་མཐོ་རུ་ཕྱིན་ཡོད། ཡུས་ཙུའུ་ཨེན་ནི་ཧན་ཁྲང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཡིན་པའི་ངོས་ནས། ཉིན་ཤས་བསྟུད་མར་ལས་རོགས་ཚོ་དང་མཉམ་དུ་འབྲུབ་འགོག་ཆུ་རགས་ཆེན་པོ་དང་གཞིས་ཁུལ་གྱི་ས་འོག་མཛོད་དུ་ཡན་ལག་ཆུ་རགས་བརྒྱབ་པ་དང་བྱེ་ཁུག་སྤུངས་ཡོད། ཟླ་7ཚེས་1ཉིན། དྲག་ཆར་ཆེན་པོ་བབས་པས་ཕིང་ཅང་རྫོང་ལ་ཞོད་སྐྱོན་ཚབས་ཆེན་བྱུང་ཡོད། རྫོང་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་བཀའ་རྒྱ་འབྱོར་རྗེས། ཡུས་ཙུའུ་ཨེན་དང་ལས་རོགས་ཚོ་མྱུར་དུ་མང་ཚོགས་གནས་སྤོ་བྱེད་པར་ཕྱིན། ས་ཆ་ཁ་ཤས་ཀྱི་འཁྱིལ་ཆུའི་གཏིང་ཚད་སྨི་གསུམ་ཟིན་ཡོད་པ་མཐོང་སྐབས། ཡུས་ཙུའུ་ཨེན་གྱིས་ཁྱིམ་གྱི་སྐྱ་གྲུ་སྤྱོད་ཆོག་པ་དྲན་ཡོད།

 

 

ཧན་ཁྲང་ཁྲོམ་གཞུང་གི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ས་བབ་དམའ་ཞིང་། གང་སར་གུ་དོག་པའི་སྲང་ལམ་ཡིན་པས། གདོང་མཆོང་གྲུ་གཟིངས་འཛུལ་མི་ཐུབ་པའི་ས་ཆ་མང་པོ་ཡོད། ཡུས་ཙུའུ་ཨེན་གྱིས་སྐྱ་གྲུ་བླངས་རྗེས། སྔོན་ལ་གཞིས་ཁུལ་རྙིང་པ་ཞིག་ཏུ་འཛུལ་བ་དང་། དེ་གའི་ཐོག་བརྩེགས་དང་པོའི་བར་འཁྱམས་ཀྱི་ཐོན་སྒོ་ཆུས་བསྣུབས་ཡོད་པས། ཆུ་ཁ་མཐོ་རུ་ཕྱིན་པ་དང་བསྟུན་ནས་གྲོང་མི་རྣམས་རིམ་གྱིས་ཐོག་བརྩེགས་མཐོ་སར་འཛེགས་ཏེ་རོགས་སྐྱོབ་བྱ་རྒྱུར་སྒུག་ནས་བསྡད་ཡོད།

 

 

ཧུའུ་ནན་ཕིང་ཅང་རྫོང་ཧན་ཁྲང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཡུས་ཙུའུ་ཨེན་གྱིས། སྐབས་དེར་ང་རང་ཆུ་ནང་དུ་མཆོངས་རྗེས་མ་གཞི་རྐང་པ་བཙུགས་ནས་འགྲོ་རྩིས་བྱས་མོད། འོན་ཀྱང་ཆུ་གཏིང་རིང་དྲགས་པས་རྐང་པ་བཙུགས་ཐུབ་ཀྱི་མི་འདུག བྱས་ཙང་ཆུ་རྐྱལ་བརྒྱབ་ནས་བསྐྱོད་དགོས་བྱུང་། དེས་ན། ངས་སྐྱ་གྲུ་འཐེན་ནས་ཆུ་རྐྱལ་རྒྱག་པའི་ཐབས་སྤྱད་དེ་མང་ཚོགས་གནས་སྤོ་བྱས་པ་ཡིན་ཞེས་བརྗོད་ཡོད།

 

 

ཧུའུ་ནན་ཕིང་ཅང་རྫོང་ཧན་ཁྲང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཡུས་ཙུའུ་ཨེན་གྱིས། གཅིག་ནས་ངས་ཆུ་རྐྱལ་རྒྱག་ཤེས་པ་དང་། གཉིས་ནས་དུས་རྒྱུན་ངའི་གཟུགས་པོ་བདེ་ཐང་ཡིན་ལ་སྟོབས་ཤུགས་ཆེན་པོ་ཡོད། གསུམ་ནས་ང་རང་སྐྱ་གྲུར་དགའ་པོ་བྱེད་མཁན་ཞིག་ཡིན་པས། ང་ལ་རོགས་སྐྱོབ་བྱ་སྤྱོད་ནང་ཞུགས་པའི་ནུས་པ་ཡོད། ང་ཚོ་ཏང་ཡོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ངེས་ཡིན། སྔོན་ཆད་ང་ཚོ་དམག་མི་བྱེད་སྐབས་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་སྣང་ཆེན་པོ་བྱེད་ཀྱི་ཡོད། བྱས་ཙང་འདི་ནི་ང་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

སྒྲིག་སྒྱུར། སྒྲོལ་མ་སྐྱབས།

中央广播电视总台 央广网 版权所有

▶དམག་ཁོངས་ནས་བུད་པའི་དམག་མིས་ཆུ་ལོག་ཁྲོད་ནས་མི་50ལྷག་བསྐྱབས་པ།