ཁམས་སྡེ་དགེའི་གྲོང་གསར་འདིར་གཟིགས་ཙམ་གནང་དང་།
གསར་འགོད་པ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ནས་རྒྱལ་ལམ་317བརྒྱུད་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་བསྐྱོད་སྐབས་ཐོག་མར་སླེབས་པ་ནི་འབྲི་ཆུའི་ངོགས་སུ་ཆགས་པའི་སྡེ་དགེ་རྫོང་ལྕང་ར་གྲོང་རྡལ་གྱི་གཡུ་ཐོག་གྲོང་ཚོ་རེད། གྲོང་ཚོ་དེར་སླེབས་མ་ཐག་ང་ཚོའི་མིག་ལམ་དུ་འཆར་བ་ནི་མཛེས་ཤིང་སྟར་དུ་ཆགས་པའི་བོད་བཟོའི་ཁང་པ་དང་། ཁོད་སྙོམས་པའི་གྲོང་ཚོའི་ལམ་བུ། ད་དུང་དུད་ཁྱིམ་སོ་སོའི་རྒྱབ་མདུན་གཡས་གཡོན་གྱི་ར་བའི་ནང་བཏབ་པའི་འབྲས་ཤིང་དང་། སྔོ་ཚལ། མེ་ཏོག་སོགས་ཡིན་ལ། དེ་བས་ཀྱང་ཡིད་དུ་འོང་བ་ནི་གྲོང་ཚོའི་རྒན་རྒོན་རྣམས་གྲོང་མདོར་འཛོམས་ནས་སྔ་རྒྱུས་ད་རྒྱུས་གླེང་བཞིན་བཞུགས་པའི་དགའ་སྐྱིད་བག་ཕེབས་ཀྱི་རྣམ་པ་དེ་རེད།
ཡིན་ནའང་དེ་སྔའི་གཡུ་ཐོག་གྲོང་ཚོའི་དུད་ཁྱིམ་ཁག་ས་བབ་མཐོ་ཚད་སྨི་3700ཙམ་གྱི་རི་ཁྲོད་དུ་ཐ་རེ་ཐོར་རེར་གནས་པས། གྲོང་ཚོ་དེ་དེ་སྔ་ལྕང་ར་གྲོང་རྡལ་གྱི་ལྔ་མེད་དབུལ་ཕོངས་གྲོང་ཚོ་གཅིག་པུ་དེ་ཡིན་པ་སྟེ། དེ་ཡང་གྲོང་ཚོ་དེར་གཞུང་ལམ་དང་། གློག དྲ་བ། རླུང་འཕྲིན་བརྙན་འཕྲིན། རང་འབབ་ཆུ་ཀ་ལ་བཅས་མེད་པས། ཕྱུག་འགྱུར་ལྟ་ཅི་འཚོ་ཚིས་དང་འགྲུལ་སྐྱོད་ལ་ཡང་དཀའ་ངལ་ཆེན་པོ་ཡོད། གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། 2017ལོར་སྡེ་དགེ་རྫོང་གིས་གྲོང་ཚོ་ཧྲིལ་པོ་གནས་སྤོའི་ལས་གྲྭ་ལག་བསྟར་བྱས་ནས། གྲོང་ཚོ་དེའི་ཐེམ་དུད་ཁག་ས་བབ་དམའ་ཞིང་ས་ཆ་ཅུང་ཁོད་སྙོམས་པའི་རྒྱལ་ལམ་317གྱི་འགྲམ་རྒྱུད་དེར་སྤོས་ཤིང་། སྲིད་གཞུང་ནས་གྲོང་མི་ཚོར་སྡོད་ཁང་བསྐྲུན་པ་མ་ཟད། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་ལག་ཆ་ཚང་བསྐྲུན་པས། དུས་དེ་ནས་བཟུང་གྲོང་མི་རྣམས་ཀྱི་འཚོ་བར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། རྫོང་དེའི་གྲོང་ཚོ་གཞན་དང་འདྲ་བར་འབྱོར་འབྲིང་གི་ལམ་བཟང་ཐོག་བདེ་བླག་ངང་བསྐྱོད་ཐུབ་ཡོད།
ད་ཆ་གྲོང་ཚོར་གཞུང་ལམ་དང་། རང་འབབ་ཆུ་ཀ་ལ། གློག དྲ་བ། རླུང་འཕྲིན་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་པ་དང་། གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་དང་། རིག་གནས་ཁང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་སོགས་ཡོད་པ་ཕུད། མུའུ་30ལྷག་ཙམ་གྱི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་གོང་སྤེལ་གླིང་ཁུལ་ཡོད་ཅིང་། དེར་གྲོང་མི་རྣམས་ལ་ཕྱི་ཕྱོགས་སུ་འཚོང་བྱེད་ཀྱི་འབྲས་ཤིང་དང་། སྔོ་ཚལ། མེ་ཏོག་སོགས་འདེབས་འཛུགས་བྱེད་དུ་བཅུག་པ་དང་། ད་དུང་2018ནས་བཟུང་གྲོང་ཚོ་མཉམ་སྡེབ་ཀྱིས་བསྐྲུན་པའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་མགྲོན་ཁང་སོགས་ཕྱི་ཕྱོགས་ནས་ཡོང་བའི་ཚོང་དུད་ལ་བོགས་མར་བཏང་ནས། སྤྲོ་གསེང་དང་། རོལ་རྩེད། ཞིམ་ཟས་བཅས་གཞི་གཅིག་ཏུ་འདུས་པའི་“འབྲི་ཆུའི་ངོགས་ཀྱི་གྲོང་ཚོ་དང་པོ”ཞེས་པའི་སྤུས་རྟགས་བཏོད་པས། གྲོང་ཚོ་དེའི་གསོན་ཤུགས་དང་མིང་གྲགས་ཇེ་ཆེར་ཕྱིན་པ་དང་། དེ་དག་གི་མཐར་ཐུག་དམིགས་འབེན་ཏེ། གྲོང་ཚོ་མཉམ་སྡེབ་དང་གྲོང་མིའི་དུད་ཚང་ཁག་ལ་གཏན་འཇགས་ཀྱི་ཡོང་འབབ་བྱུང་ཡོད་པ་རེད།
ད་ཆ་གྲོང་ཚོ་དེའི་ཐོན་ལས་འཕེལ་ཁ་དར་ཞིང་། འབྱུང་ཁམས་མི་འཚོ་སྡོད་བྱ་རྒྱུར་འཚམ་པ། གྲོང་ཚོའི་གྲོང་སྲོལ་ཡ་རབས་ཤེས་དཔལ་ལྡན་པ། གྲོང་ཚོའི་བཅོས་སྐྱོང་ཕན་འབྲས་ལྡན་པ། གྲོང་མིའི་འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་གྲོང་གསར་ཞིག་ཏུ་གྱུར་ཡོད་པས། སི་ཁྲོན་ཞིང་ཆེན་ནས་ཀྱང་གྲོང་ཚོ་དེ་ཤང་གྲོང་དར་རྒྱས་ཀྱི་དཔེ་སྟོན་གྲོང་གསར་དང་། གྲོང་གསེབ་བཅོས་སྐྱོང་ཀྱི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་དུ་བདམས་པ་མ་ཟད། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྲོང་ཚོར་ཡང་བདམས་ཡོད་པ་རེད།
དེ་ལྟ་བུའི་འཕོ་འགྱུར་ཆེད་གཡུ་ཐོག་གྲོང་ཚོར་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་མཁན་སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་ཆུ་བེད་གོང་སྤེལ་ལྟེ་གནས་ཀྱིས་ཀྱང་ནུས་པ་ཆེན་པོ་བཏོན་ཡོད་པ་སྟེ། 2023ལོར་ཁྱོན་མ་དངུལ་སྒོར་ཁྲི་190ལྷག་ཙམ་བཏང་ནས་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། རྣམ་གྲངས་འཛུགས་སྐྲུན། མི་སྣ་འཇོན་ཐང་ཅན་གསོ་སྐྱོང་སོགས་ཐད་ནས་རོགས་རམ་ཆེན་པོ་བྱས་ཡོད་པ་རེད།