ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བོད་ཀྱི་གྲོང་ཚོ་འདིར་ཟླ་བ་ཁ་ཤས་སྡོད་རྒྱུ་བྱུང་ན་ཅི་མ་རུང་།

2024-07-08 10:56:00     责编:卓玛才让

     བོད་ལྗོངས་སྤོ་བོ་རྫོང་ཀཿ  གནམ་གྲོང་ཚོར་ཡོང་ཐེངས་རེར། དེ་གའི་ལྟ་བས་མི་ངོམས་པའི་མཛེས་སྡུག་གིས་ཁྱེད་ལ་རང་ཉིད་སུམ་རྩེན་གནས་སུ་སླེབས་པ་མིན་ནམ་སྙམ་པའི་འཕྲུལ་ཤེས་ཤིག་དང་། ཡུལ་དེར་ཟླ་བ་ཁ་ཤས་སམ་ལོ་ཁ་ཤས་སྡོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་རེ་འདུན་ཞིག་ཀྱང་འཆར་སྲིད།

     སྤོ་བོ་རྫོང་རྒུ་ཤང་དུ་གནས་པའི་ཀཿ  གནམ་གྲོང་ཚོ་ནི་རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་གྲོང་ཚོ་ཡིན་པ་དང་། རྒྱལ་ལམ་318ཀྱི་འགྲམ་དུ་ཆགས་ཡོད། གྲོང་ཚོ་འདིར་མཛེས་སྡུག་ལྡན་པའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་སྟེ་ཀཿ  གནམ་མཚེའུ་ཡོད་པ་དང་། མཚེའུ་ཡི་ཉེ་འགྲམ་དུ་སྐད་གྲགས་ཡོད་པའི་ཀཿ  གནམ་སྡེ་པའི་རྗེས་ཤུལ་དང་། འཛམ་གླིང་ཐོག་གི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ཆེ་ཤོས་ཏེ་སྤོ་བོ་རྫོང་གི་ཁམ་བུའི་མེ་ཏོག་ལུང་ཤུར་ཡོད། དཔྱིད་དཔལ་རབ་ཏུ་བཞད་པའི་དུས་སུ། རྒྱང་རིང་གི་རབ་དཀར་གངས་རི་དང་རྣམ་པར་བཞད་པའི་ཁམ་བུའི་མེ་ཏོག  སྔོ་ཐིང་ཐིང་གི་ཞིང་ཁ། ད་དུང་མཛེས་སྡུག་ལྡན་པའི་བོད་བཟོའི་སྡོད་ཁང་སོགས་ཀྱིས་རི་མོ་དང་སྙན་ངག་སོགས་ཀྱིས་ཀྱང་མཚོན་པར་མི་ནུས་པའི་མཛེས་སྡུག་ཁྱད་པར་བ་ཞིག་གྲུབ་ཀྱི་ཡོད།

     འབྱུང་ཁམས་ཁོར་ཡུག་བཟང་པོ་དང་། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས། ལོ་རྒྱུས་ཡུན་རིང་ལྡན་པའི་མི་ཆོས་རིག་གནས་སོགས་ཀྱིས་ཀཿ  གནམ་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་འབྱུང་ཁམས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་དང་མདུན་ལམ་བཏོད་ཡོད་ཅེས་ཀ་གནམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཀྲའོ་མིང་ཅུན་གྱིས་གསུངས། ཁོང་གིས་སྤོ་བོ་རྫོང་གིས་གཞུང་གཅིག་ཐིག་གསུམ་སྟེ། རྒྱལ་ལམ་318ཐོག་ཁམ་བུའི་མེ་ཏོག་ལུང་ཤུར་དང་རྡོ་རྗེ་ལུང་ཤུར། ཡིད་འོང་ལུང་ཤུར་བཅས་བསྣན་པའི་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་། གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་དང་། འཁྱགས་རོམ་གྱི་ཞིང་ཁམས། ཁམ་བུའི་མེ་ཏོག་གི་འཇིག་རྟེན། ལྷིང་འཇགས་ཀྱི་སྤོ་བོ་བཅས་ཀྱི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་པའི་ཁྲོད།  ཀཿ  གནམ་གྲོང་ཚོ་འདི་འདེགས་སྐྱོར་ས་ཚིགས་གལ་ཆེན་དང་རྒྱལ་ཁབ་ཀྱི་3Aརིམ་པའི་མཛེས་ལྗོངས་ཁུལ་དུ་བརྩིས་ནས་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ཀུང་སིས་མ་དངུལ་བཏང་བ་དང་གྲོང་མིས་ངལ་ནུས་བཏོན་ནས་ཀཿ  གནམ་སྡེ་པའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ཡང་བསྐྲུན་ཡོད་ཅེས་གསུངས།

     ཡུལ་སྐོར་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་ཆེད། བོད་ལྗོངས་ཀྱི་ཡུལ་སྐོར་ཀུང་སི་ག་གེ་མོས་ཀཿ  གནམ་གྲོང་ཚོ་དེ་རྒྱལ་ཁབ་ཀྱི་3Aརིམ་པའི་མཛེས་ལྗོངས་ཁུལ་དུ་འཛུགས་སྐྲུན་བྱེད་ཆེད། མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་གྲོང་ཚོར་སྐྱོད་སའི་གཞུང་ལམ་རྒྱས་སྐྲུན་བྱས་ཡོད་པ་དང་། སྔར་ཡོད་ཀྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཀཿ  གནམ་གྲོང་ཚོའི་ཡུལ་སྐོར་སྤུས་ཚད་དང་སྙན་གྲགས་ཆེ་རུ་ཧུར་ཐག་བཏང་བས་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་གནས་དེར་ཡུལ་སྐོར་སྤྲོ་འཆམ་ལ་སླེབས་ཀྱི་ཡོད།

     ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་མི་ཚོས་ཀྱང་ཚོང་གཉེར་གྱི་གོ་སྐབས་དམ་འཛིན་གྱིས། ས་ཞིང་འདེབས་འཛུགས་བྱེད་ཞོར་དུ་ཡུལ་ཟོག་དང་བཟོ་རྩལ་ཐོན་རྫས་ཀྱི་ཁྲོམ་བཀྱག་གཤོམ་འགོ་བཙུགས་པ་མ་ཟད། ལ་ལས་ད་དུང་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་བཞིན་ཡོད།

     མིག་སྔའི་བར། རྒུ་ཤང་ཀཿ  གནམ་གྲོང་ཚོས་ལྷན་དུ་གཉེར་སྐྱོང་བྱས་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མགྲོན་ཁང་ཕུད། ད་དུང་སྒེར་གྱི་ཁྱིམ་ཚང་མགྲོན་ཁང་18གཉེར་ཡོད། 2023ལོར་གྲོང་ཚོ་དེ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་1979ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.33ལྷག་ཙམ་ཟིན་ཡོད།  གྲོང་ཚོས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལ་སྣེ་ལེན་ཞུས་པ་དང་གྲོང་མི་ཚོས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པ་དང་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་བྱས་པ་བརྒྱུད་འབབ་འཕར་སྒོར་ཁྲི་140ལྷག་ཙམ་བྱུང་བ་དེས་གྲོང་ཚོ་དེ་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ཀྱི་30%ཡན་བཟུང་ཡོད།

     ཀཿ  གནམ་གྲོང་ཚོས་ཀཿ  གནམ་མཚེའུ་དང་ཀཿ  གནམ་སྡེ་པའི་གནའ་ཤུལ་ཡུལ་སྐོར་གསར་སྤེལ་བྱེད་པ་དེ་གོ་སྐབས་སུ་བརྩིས་ཐོག མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། ས་གནས་དེ་གའི་ཡུལ་སྐོར་སྣེ་ཤན་པ་གསོ་སྐྱོང་དང་། གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་པ། མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་གཏོང་བ་སོགས་བརྒྱུད། ཀཿ  གནམ་གྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། དེ་དང་ཆབས་ཅིག་འབྱུང་ཁམས་ཁོར་ཡུག་བཟང་པོ་དང་རང་བྱུང་མཛེས་ལྗོངས་ལས་བྱུང་བའི་ཁེ་ཕན་ཆེན་པོ་ཐོབ་པའི་ཀཿ  གནམ་གྲོང་ཚོའི་གྲོང་མི་ཚོས་རང་བྱུང་ཁོར་ཡུག་དང་རང་ཉིད་ཀྱི་ཁྱིམ་གཞིས་ལ་དེ་བས་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཉེ་བའི་ལོ་གཉིས་ཁོ་ནར། གྲོང་མིས་ཤིང་འཛུགས་མུའུ་10ལྷག་ཙམ་བྱས་པ་དང་། གཞན་ད་དུང་གྲོང་ཚོས་རྒྱུན་གཏན་དུ་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲ་བྱེད་ཀྱི་ཡོད།

     ཏང་གི་སྲིད་ཇུས་ཀྱི་ཉི་འོད་འོག་དང་། རང་བྱུང་ཁམས་ཀྱི་དམིགས་བསལ་གཅེས་སྐྱོང་འོག ཀཿ  གནམ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་དེ་བས་ཞི་མཐུན་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཞིང་གྲོང་བསྐྲུན་དང་སྐྲུན་མུས་རེད།

中央广播电视总台 央广网 版权所有

བོད་ཀྱི་གྲོང་ཚོ་འདིར་ཟླ་བ་ཁ་ཤས་སྡོད་རྒྱུ་བྱུང་ན་ཅི་མ་རུང་།