འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་མི་སྣས་ཀྲུང་གོའི་ཉོ་ཚོང་སྲིད་ཇུས་ལ་གྲོས་བསྡུར་བྱས་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་མིས་ཚོགས་འདུའི་ཐོག་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱ་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོས་རྒྱལ་ནང་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མུ་མཐུད་ནས་སྒོ་དབྱེའི་སྲིད་ཇུས་བྱ་ཐབས་རྒྱ་ཆེར་གཏོང་བར་བསྔགས་བརྗོད་གནང་ཡོད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་མིས་ཀྲུང་གོས་ལག་ལེན་ངོ་མའི་ཐོག་ནས་དོན་དེར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་གནང་བ་དང་། ལྷག་དོན་དུ་དར་རྒྱས་དེ་ཙམ་མེད་པའི་རྒྱལ་ཁབ་གོང་འཕེལ་མགྱོགས་པོ་འགྲོ་རྒྱུ་དང་། མུ་མཐུད་ནས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
ཁོངས་མིའི་འཐུས་མིས། ཀྲུང་གོའི་དཔལ་འབྱོར་དེ་ཉིད་ཕྱི་ཕྱོགས་ཀྱི་འགྲན་རྩོད་མང་པོའི་འོག་མཉེན་ཤུགས་ཆེན་པོ་མངོན་བཞིན་ཡོད་པ་དང་། 2023ལོར་བརྒྱ་ཆ་5.2འཕར་སྣོན་བྱུང་ཡོད། དེ་ནི་ཏོག་གསར་རིམས་ནད་རྗེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་ཐུབ་པའི་སྟོབས་ཤུགས་གལ་ཆེ་ཤོས་ཤིག་ཡིན། ཀྲུང་གོ་ནི་ཁོངས་གཏོགས་རྒྱལ་ཁབ་མང་པོའི་ནང་གི་ཉོ་ཚོང་རོགས་ཟླ་གལ་ཆེ་ཤོས་ཞིག་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་དཔྱ་ཁྲལ་དམའ་རུ་གཏོང་བ་དང་། འགྲོ་ལུགས་སྟབས་བདེ་རུ་གཏོང་བ། ལྡོག་ཕྱོགས་རྩིས་ཐོ་སོགས་ཀྱི་ཐབས་ལམ་བརྒྱུད་མུ་མཐུད་ནས་ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་ཡོད།
ཁོངས་མིའི་འཐུས་མིས། ཀྲུང་གོས་རྒྱུན་མཐུད་ངང་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་བརྒྱུད་དཔལ་འབྱོར་སྦགས་མེད་ཕྱོགས་སུ་བརྗེ་སྒྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཐན་ཉུང་སྦགས་མེད་གོང་འཕེལ་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཐད་འབུར་དུ་ཐོན་པའི་ལེགས་སྐྱེས་འཕུལ་བ་བཅས་ལ་ཚད་མཐོའི་ཁས་ལེན་གནང་ཡོད།
ཁོངས་མིའི་འཐུས་མིས། ཀྲུང་གོ་ནི་གལ་ཆེ་བ་དང་། འགན་འཁུར་མཁན་གྱི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་ཞིང་། མ་འཇོག་སྟབས་བདེ་ཅན་དང་། གློག་རྡུལ་ཚོང་དོན་གྱི་དབྱེན་འབྱེད་གྲོས་མོལ། ཞབས་ཞུའི་ཉོ་ཚོང་གི་རྒྱལ་ནང་སྒྲིག་གཞི་དང་ལམ་ལུགས། སྤོས་འགྱིག་སྦགས་བཙོག་འགོག་བཅོས། ཉ་ལས་ཁ་གསབ་སོགས་ལ་སྐུལ་འདེད་གཏོང་བའི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། རྩོད་གཞི་ཐག་གཅོད་སྒྲིག་གཞིའི་བསྒྱུར་བཅོས་ལ་རྒྱབ་སྐྱོར་དང་གོང་གཏུགས་ལས་ཁུངས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་འཕུལ་ཡོད་ཅེས་བསྟན་ཡོད།
ཉོ་ཚོང་སྲིད་ཇུས་གྲོས་ཞིབ་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་འགན་ནུས་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན། དེ་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནས་ཕན་ཚུན་དཔལ་འབྱོར་ཉོ་ཚོང་སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་སྒྲིག་གཞི་གལ་ཆེན་ཞིག་རེད། ཚོགས་འདུ་མ་འཚོགས་གོང་། ཁོངས་མི་44ཀྲུང་གོའི་ཕྱོགས་ལ་ཡིག་ཐོག་གི་གནས་ཚུལ་1000ལྷག་ཙམ་བཏོན་པ་མ་ཟད། སྒྲིག་སྲོལ་གྱི་བླང་བྱ་གཞིར་བཟུང་དུས་ཐོག་ཏུ་དྲི་བ་ཆ་ཚང་ལ་ལན་བསྐྱོན་ཡོད་པ་རེད།