ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སུ་གྲོང་ཁྱེར་གསར་སྐྲུན་རྣམ་གྲངས་ཁག་༦ཁྲི་༦སྟོང་ལས་བརྒལ་བ་ལག་བསྟར་བྱས་ཟིན་པ་དང་། མ་འཇོག་སྒོར་དུང་ཕྱུར་༢ཁྲི་༦སྟོང་ལས་བརྒལ་བ།

2024-07-19 10:55:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཉིན་ཤས་གོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས།  ན་ནིང་ནས་ད་ལོའི་བར།  རྒྱལ་ཡོངས་སུ་གྲོང་ཁྱེར་གསར་སྐྲུན་རྣམ་གྲངས་ཁག་༦ཁྲི་༦སྟོང་ལས་བརྒལ་བ་ལག་བསྟར་བྱས་ཟིན་པ་དང་། མ་འཇོག་སྒོར་དུང་ཕྱུར་༢ཁྲི་༦སྟོང་ལས་བརྒལ་བ་བཏང་ཚར་བས།  གྲོང་ཁྱེར་གསར་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཕན་འབྲས་རིམ་བཞིན་མངོན་བཞིན་ཡོད་པ་རེད།

    ལག་བསྟར་བྱས་ཟིན་པའི་གྲོང་ཁྱེར་གསར་སྐྲུན་རྣམ་གྲངས་༦ཁྲི་༦སྟོང་ནང་།  ད་ཡོད་ཀྱི་བཟོ་བཀོད་སྒྱུར་བཀོད་དང་བེད་སྤྱོད་བྱ་རྒྱུ་ཡང་ཚུད་ཡོད་པ་དང་།  མིག་སྔར་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་༧༨ཟིན་པའི་བཟོ་བཀོད་སྒྱུར་བཀོད་བྱས་ཟིན་ཡོད། གྲོང་ཁྱེར་གསར་སྐྲུན་བྱ་སྤྱོད་སྤེལ་བ་བརྒྱུད། གྲོང་ཁྱེར་ནང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་གནའ་བོའི་བཟོ་བཀོད་ཀྱི་སྲུང་སྐྱོང་ལས་དོན་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཀྱི་རྒྱལ་འཛུགས་ཤར་ལམ་གྱི་ལོ་རྒྱུས་ཉམས་འགྱུར་སྲུང་སྐྱོང་དང་གྲོང་ཁྱེར་གསར་སྐྲུན་རྣམ་གྲངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ལིའུ་ཧུའེ་མིང་གིས། ད་ལྟ་གྱང་ངོས་ཉམས་གསོ་བྱེད་བཞིན་ཡོད།  དེས་བཟོ་བཀོད་ཀྱི་ཕྱི་ངོས་ཆ་ཚང་སོར་འཇོག་ཐུབ་ནས་གནའ་བོའི་བཟོ་བཀོད་ཀྱི་ཉམས་འགྱུར་བསྐྱར་དུ་མངོན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།  ལིའུ་ཧུའེ་མིང་གིས་སོ་ཕག་དང་རྫ་གཡམ་རེ་རེར་ཉམས་གསོ་ཞིབ་ཚགས་བྱས་པ་བརྒྱུད།  བཟོ་བཀོད་དེ་ཚོའི་ལོ་བརྒྱའི་གོང་གི་རྣམ་པ་སླར་གསོ་ཐུབ་ཡོད། ཁྲོམ་གཞུང་རྙིང་པའི་ཉམས་འགྱུར་སོར་འཇོག་བྱ་ཆེད།  ང་ཚོས་ད་ལྟའི་བཟོ་བཀོད་ལ་3Dབཤེར་འབེབས་བྱས་པ་མ་ཟད། ད་དུང་གྲོང་ཁྱེར་བཟོ་བཀོད་ཡིག་ཚགས་ཁང་ནས་ལོ་བརྒྱའི་གོང་གི་ཐོག་མའི་དཔེ་རིས་བླངས་ཏེ།  ཁྲོམ་གཞུང་གི་སྔར་ཡོད་རྣམ་པ་སླར་གསོ་བྱེད་གང་ཐུབ་བྱས་ཡོད་ཅེས་གསུངས་ཡོད། 

སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ངོ་སྤྲོད་བྱས་པར་གཞིགས་ན།   འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་༢ཁྲི་༢སྟོང་༦བརྒྱ་གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་ཡོད།  གཞན་ཡང་རྒྱལ་ཡོངས་སུ་སྡེ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཆ་ཚང་༢༩༠༠ལྷག་ཙམ་ལག་བསྟར་བྱས་པ་དང་། བཟོ་གྲྭ་རྙིང་པ་དང་ཚོང་ལས་ཁྲོམ་གཞུང་རྙིང་པ་སོགས་༢༦༠༠ལྷག་ཙམ་གསར་སྐྲུན་སྒྱུར་བཀོད་བྱས་པ། སྨན་བཅོས་དང་། ལུས་རྩལ། སློབ་གསོ། རིག་གནས་བཅས་ཀྱི་སྒྲིག་བཀོད་༡ཁྲི་༥སྟོང་ཙམ་འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཡོད།  སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་ཨར་སྐྲུན་ནུས་རྒྱུ་གྲོན་ཆུང་དང་ཚན་རྩལ་སེའི་སེ་ཀྲང་གཞོན་པ་ཝང་ཁོ་ཡིས།   མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་༤༠༠ལྷག་ཙམ་ལ་གྲོང་ཁྱེར་གསར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད།  སླད་ཕྱིན། ས་གནས་ཁག་གིས གསར་སྤེལ་བྱེད་སྟངས་ནས་གཉེར་སྐྱོང་རྣམ་པའི་ཕྱོགས་སུ་བརྗེ་སྒྱུར་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།  ལས་རིགས་གསར་པ་དང་ནུས་པ་གསར་པ་འཛུགས་པ་དང་།  གྲོང་ཁྱེར་གསར་སྐྲུན་གྱི་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

རྒྱལ་ཡོངས་སུ་གྲོང་ཁྱེར་གསར་སྐྲུན་རྣམ་གྲངས་ཁག་༦ཁྲི་༦སྟོང་ལས་བརྒལ་བ་ལག་བསྟར་བྱས་ཟིན་པ་དང་། མ་འཇོག་སྒོར་དུང་ཕྱུར་༢ཁྲི་༦སྟོང་ལས་བརྒལ་བ།

ལས་རིགས་གསར་པ་དང་ནུས་པ་གསར་པ་འཛུགས་པ་དང་། གྲོང་ཁྱེར་གསར་སྐྲུན་གྱི་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་གསུངས་ཡོད།