ཁྱིམ་ཚང་གཏུམ་སྤྱོད་འགོག་པའི་བཅའ་ཁྲིམས་བྱེད་སྒོ་སྤེལ།
རྒྱ་ཆེའི་མང་ཚོགས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ཁྱིམ་ཚང་གི་གཏུམ་སྤྱོད་བཀག་འགོག་ནུས་ལྡན་བྱེད་པ། འདྲ་མཉམ་དང་འཆམ་མཐུན། ཤེས་དཔལ་བཅས་ཀྱི་ཁྱིམ་ཚང་བསྐྲུན་ཆེད། ཟླ་11པའི་ཚེས་23ནས་ཚེས་25ཉིན་བར། མཛོད་དགེ་རྫོང་གིས་ཁྱིམ་ཚང་གཏུམ་སྤྱོད་བཀག་ནས་བདེ་སྐྱིད་འཚོ་བ་རོལ་ཞེས་པའི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་རབས་དང་རིམ་པ་སྤེལ།
ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་དར་སྤེལ་བཏང་ནས་ཁྱིམ་ཚང་ལེགས་འཛུགས་དང་ཁྱིམ་ཚང་གི་སློབ་གསོ་ལེགས་སྤེལ། ཁྱིམ་སྲོལ་ལེགས་པོ་རྒྱུད་འཛིན་བཅས་བྱས་ནས་ཁྲིམས་སྐྱོང་གི་རྨང་རྡོ་བརྟན་པོ་འཛུགས་དགོས། རྒྱལ་སྤྱིའི་ཁྱིམ་ཚང་གཏུམ་སྤྱོད་སེལ་བའི་ཉིན་མོའི་སྔ་རྗེས་སུ་མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་སྤྱི་བདེ་ཅུས་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ཅུས་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས། ཁྱིམ་ཚང་གཏུམ་སྤྱོད་བཀག་ནས་བདེ་སྐྱིད་འཚོ་བ་རོལ་བའི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་རིམ་པ་སྤེལ། བུད་མེད་500ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།
དྲིལ་སྒྲོག་བྱེད་སྒོར་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གྱོད་གཞི་བརྒྱུད་ཁྲིམས་དོན་འཆད་ཁྲིད་བྱས་ཏེ། མང་ཚོགས་ལ་ཁྱིམ་ཚོང་གཏུམ་སྤྱོད་ཀྱི་གནོད་འཚེ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྱིམ་ཚང་གཏུམ་སྤྱོད་ཐག་གཅོད་བྱེད་པའི་བརྒྱུད་རིམ་འགྲེལ་བཤད་གནང་། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྱིམ་ཚང་གཏུམ་སྤྱོད་འགོག་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ། ཁྱིམ་ཚང་གཏུམ་སྤྱོད་ལ་འཕྲད་ཚེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་མཛུབ་ཁྲིད་བྱས། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་སོགས་སྡེ་ཁག་དང་མཉམ་དུ་སྒྲོག་ཤོག་བཀྲམ་པ་དང་བཅའ་ཁྲིམས་བློ་འདྲིའི་སྟེགས་བུ་བཙུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་བཏང་།
བྱེད་སྒོར་ད་དུང་རྫོང་ཡོངས་ཀྱི་བུད་མེད་མང་ཚོགས་དང་ཁྱིམ་ཚང་ཀུན་ལ་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་གྱི་གྲོས་འགོའི་ཡིག་གེ་བཏང་། མང་ཚོགས་རང་ངོས་ནས་ཁྱིམ་ཚང་གཏུམ་སྤྱོད་བཀག་འགོག་གི་ལས་སྒོར་ཞུགས་ཏེ། ཁྱིམ་ཚང་གཏུམ་སྤྱོད་བཀག་ནས་བདེ་སྐྱིད་འཚོ་བ་རོལ་བཞིན། ཁྱིམ་ཚང་གཏུམ་སྤྱོད་བཀག་འགོག་གི་དྲིལ་སྒྲོག་པ་དང་ལག་ལེན་པ། སྲུང་སྐྱོང་མཁན་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་།