ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁག་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་པས“རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་དེ་བས་མཐོང་ཆེན་དང་། རིགས་དབྱེ་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན། རྨང་གཞི་བརྟན་གཏོང་ལ་དེ་བས་མཐོང་ཆེན། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་དེ་བས་མཐོང་ཆེན། འགོ་ཁྲིད་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན་བཅས་བྱེད་དགོས”ཞེས་པར་དམ་པོར་དམིགས་ནས། ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་དང་མཉམ་དུ་བརྗོད་དོན་གཅིག་ལ་ཐུན་མོང་དུ་ལན་འདེབས་པ་དང་། ཕྱོགས་གཅིག་ལ་ཤུགས་རྒྱག་པ། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད།
སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ད་དུང་ཧུའུ་པེ་དང་ཧུའུ་ནན་གྱི་རྫོང(གྲོང་ཁྱེར་དང་ཆུས)72དང་། ཤང་གྲོང(ཁྲོམ་གཞུང)། གྲོང་ཚོ(སྡེ་ཁུལ)སློབ་གྲྭ། སྨན་ཁང་། ཁེ་ལས་སོགས་གཞི་རིམ་ཚན་164ལ་སྔ་རྗེས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་། ཏང་ཡོན་དཀྱུས་མ་དང་། གྲོང་མི་མང་ཚོགས། འཐབ་ཕྱོགས་དང་པོའི་ལས་བཟོ་བ་སོགས་དང་སྤེལ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་རེད།
ཧུའུ་པེར་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ཁུལ་ཆུང་རྙིང་པའི“ཐོག་ཁང་ལ་སྐྱོད་དཀའ་བ”སོགས་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ། ཧུའུ་པེ་ཞིང་ཨུད་ཀྱིས་ནུས་ལྡན་གྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཁུལ་ཆུང་རྙིང་པའི་ནང་གློག་སྐས་བསྒར་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཧུའུ་ནན་དུ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ཤང་ཅང་ཁུལ་གསར་གྱི་མང་ཚོགས་ཀྱིས་ཞུ་གཏུག་བརྒྱབ་པའི་མྱུར་བགྲོད་གཞུང་ལམ་གྱི་གནས་སྐབས་ས་ཞིང་བཟུང་སྤྱོད་དང་། དུས་བརྒལ་བསྐྱར་སྦོལ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ས་གནས་དེ་གའི་སྲིད་གཞུང་ལ་ས་ཞིང་བསྐྱར་སྦོལ་གནད་ལ་འཁེལ་བ་བྱ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་མ་ཟད། ཧུའུ་ནན་གྱི་ས་གནས་ཁག་ལ་ཆོག་མཆན་མ་ཐོབ་པར་སྔོན་ལ་བེད་སྤྱོད་གཏོང་བ་དང་། བསྐྱར་སྦོལ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཁག་77གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་མཛུབ་ཁྲིད་ཀྱང་བྱས་པ་རེད།