ལི་ཞི་ཡིས་ཁུ་པར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁུ་པའི་གུང་ཁྲན་ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་ཡིས་ཟླ་9པའི་ཚེས་16ཉིན་ཚེས་18ཉིན་བར་ཁུ་པར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ་རེད།
ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེའར་དང་མཇལ་འཛོམས་གནང་སྐབས་ལི་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་བ་རེད། ལི་ཞི་ཡིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་དང་ཐུག་འཕྲད་ཐེངས་གཉིས་གནང་ནས་ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་སྤེལ་རེས་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་བྱེད་པ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རང་སོ་སོའི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཏི་ཡ་སི་ཁ་ནེའར་གྱིས། ལི་ཞི་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་པ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་གུང་ཁྲན་ཏང་དང་མཛའ་གྲོགས་འགྲོ་འོང་དམ་ཟབ་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་ཁུ་པའི་མི་དམངས་ཀྱིས་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་དྲང་བདེན་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་འདུག
ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཀྱི་ཧྲུའུ་ཅི་མོ་ལ་ལའེ་སི་དང་གྲོས་མོལ་གནང་སྐབས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཉམས་མྱོང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུའི་ཐད་མོས་མཐུན་བྱུང་བ་རེད། ཕྱོགས་གཉིས་པོས་ད་དུང་ཀྲུང་གོའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཁུ་པའི་སྤྱི་ཁྱབ་རྩིས་བཤེར་ཧྲུའུ་དབར་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
ཁུ་པའི་གསར་བརྗེའི་འགོ་ཁྲིད་ལོའར་ཁ་སི་ཐེ་ལུའོ་ལ་གཟིགས་སྐབས། ལི་ཞི་ཡིས་བློ་མཐུན་ལའོ་ཨར་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱི་མཛའ་གྲོགས་གྲོགས་པོ་ཞིག་ཡིན་པ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོས་ཁུ་པ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་འདོད་ཡོད་ཅེས་བསྟན་འདུག ལའོར་གྱིས་ཀྲུང་གོའི་བློ་མཐུན་དང་སྤེལ་རེས་བྱས་པའི་བརྒྱུད་རིམ་ལ་རྗེས་དྲན་ཟབ་མོ་ཞུས་ཤིང་། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་གསུངས་པ་རེད། ལའོ་ཨར་གྱིས་ད་དུང་ལི་ཞི་དང་མཉམ་དུ་ཧྥེ་ཏེར་ཁ་སི་ཐེ་ལུའོ་ལྟེ་གནས་ལ་ལྟ་སྐོར་གནང་བ་རེད།
ཁུ་པར་འཚམས་འདྲི་གནང་རིང་ལི་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་བརྒྱུད་ཀྲུང་གོའི་གུང་ཁྲན་ཏང་སྔར་བས་ཞུམ་མེད་སྟོབས་ལྡན་དུ་འགྱུར་བ་དང་མི་དམངས་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད། ཁུ་པ་ཕྱོགས་ཀྱིས་ཏང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་སོགས་ཀྱི་ཐད་ཀྲུང་གོའི་གུང་ཁྲན་ཏང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་བ་རེད།
ལི་ཞི་ཡིས་ད་དུང་ཧོ་སའེ་མ་ཏིའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་བ་དང་ཧོ་སའེ་མ་ཏི་དྲན་གསོ་ཁང་དང་ཕུ་ལན་ཁོ་ཕེ་སའེ་ཞིང་ལས་ཡིད་རྟོན་མཉམ་ལས་ཁང་ལ་གཟིགས་སྐོར་གནང་བ་རེད།