ལི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་དང་མཇལ་འཕྲད་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཚེས་17ཉིན་ནན་ཉིང་དུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར་དང་མཇལ་འཕྲད་གནང་ཡོད།
ལི་ཆང་གིས། འདི་ལོའི་ཟླ་བ་གསུམ་པར། ཀྲུང་ཞི་ཞི་ཅིན་ཕིང་དང་ཁྱེད་རང་བར་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་ཐད་བཞེད་པ་གཅིག་མཐུན་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་མ་ལེ་ཞེ་ཡ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་གལ་ཆེན་གྱིས་སྣེ་ཁྲིད་བྱས་ཐོག མི་རབས་དང་མི་རབས་བར་གྱི་མཛའ་བཤེས་རྒྱུན་འཛིན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་དབར་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མུ་མཐུད་ནས་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པ། རྒྱལ་ཁབ་གཉིས་པའི་གླིང་ཁུལ་གཉིས་དང་མཚོ་ངོགས་ཤར་མའི་ལྕགས་ལམ་སོགས་ཀྲུང་གོ་དང་མ་ལེ་ཞེ་ཡའི་མཉམ་ལས་ཀྱི་རྣམ་གྲངས་གཙོ་བོ་དོན་འཁྱོལ་ཡག་པོ་བྱེད་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གནས་གསར་པ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕྱོགས་གཉིས་པོའི་མཉམ་ལས་རྒྱ་ཇེ་ཆེ་དང་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་པ་དང་། ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་ཡོད།
ཨན་ཝའར་གྱིས། མ་ལེ་ཞི་ཡས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་། ཤེས་དཔལ་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས། དེ་བས་ལེགས་པའི་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།
ཝུའུ་ཀྲེང་ལུང་མཇལ་འཕྲད་ནང་ཞུགས་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།