ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་པི་ཡ་ཤར་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་11000ལས་བརྒལ་བ།

2023-09-16 17:12:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་གསལ། ལི་པི་ཡ་ཟླ་གསར་དམར་པོ་ཚོགས་པ་ཡིས་ཚེས་14ཉིན། རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་11000ལས་བརྒལ་བ་དང་། གཞན་མི་20000གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བསྟན་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་14ཉིན་ཛ་དྲག་ངང་ཨ་སྒོར་ས་ཡ་2བཏང་ནས། རྒྱ་མཚོའི་རླུང་འཚུབ་དང་ཆུ་ལོག་གནོད་འཚེ་ཐེབས་པའི་ལི་པི་ཡ་ལ་རོགས་སྐྱོབ་བྱ་རྒྱུའི་ཐད་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

རྒྱལ་སྤྱིའི་གནས་སྤོས་ཡུལ་མི་རྩ་འཛུགས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་གནོད་འཚེའི་དོན་རྐྱེན་གྱིས་མི་འབོར་ཆིག་འབུམ་ཡོད་པའི་ཏེ་ཨར་ན་གྲོང་ཁྱེར་གྱི་མི་35000ཡུལ་གྱར་དུ་སོང་ཡོད། མིག་སྔའི་གནོད་ཐེབས་གནས་ཚུལ་ཐད། ཏེ་ཨར་ན་གྲོང་ཁྱེར་གྱི་གྲོང་སྤྱི་ཀའེ་ཏི་ཡིས། གྲོང་ཁྱེར་ནང་ཁུལ་གྱི་རོགས་སྐྱོབ་རུ་ཁག་གིས་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ཀྱི་ཕུང་པོ་ཆུ་ནས་ལེན་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་མང་པོ་ཞིག་ཆག་རོའི་ནང་མནན་པའམ། འདམ་ཁུའི་ནང་ནུབ་པ། ཡང་ན་རྒྱ་མཚོའི་ནང་འཁྱེར་ཡོད་པ་རེད། མིག་སྔར། གྲོང་ཁྱེར་དེའི་གློག་ཤུགས་སླར་གསོའི་ལས་དོན་སྤེལ་བཞིན་པའི་སྒང་ཡིན་ལ། བརྒྱ་ཆ་དྲུག་ཅུ་ཡི་སྡོད་དམངས་ཁུལ་དུ་གློག་བཏང་ཐུབ་ཡོད། ལི་པི་ཡའི་གྲོང་ཁྱེར་ཁག་ནས་ཡོང་བའི་སྨན་བཅོས་རུ་ཁག་ཏེ་ཨར་ནར་སླེབས་པ་དང་། རོགས་སྐྱོབ་ལས་དོན་ནང་ཞུགས་འགོ་བརྩམས་ཡོད། མིག་སྔར། གྲོང་ཁྱེར་དེའི་ཟམ་པ་ཡོད་ཚད་ཆུ་ལོག་གིས་འཁྱེར་བ་དང་། སྲང་ལམ་ཁག་གི་བར་གྱི་འབྲེལ་ཐག་ཆད་ཡོད་ཅེས་བརྗོད།

ལི་པི་ཡ་ཕྱོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོབ་དགོས་པའི་འབོད་སྐུལ་བཏང་རྗེས། རྒྱལ་ཁབ་མང་པོ་ཞིག་གིས་རོགས་སྐྱོབ་རུ་ཁག་མངགས་པ་མ་ཟད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་བསྐྱལ་ཡོད་པ་རེད། མིག་སྔར། ཨེ་ཅེབ་དང་ཐུ་ནི་སི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་ཐར་སོགས་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་ལི་པི་ཡར་འབྱོར་ཡོད། གཞན་ཕ་ལི་སི་ཐན་དང་། ཨའར་ཅི་ལི་ཡ་དང་ཇོར་ཏན་སོགས་རྒྱལ་ཁབ་ཀྱིས་ཀྱང་རོགས་སྐྱོབ་རུ་ཁག་མངགས་པའམ་ཡང་ན་ལི་པི་ཡ་ལ་རོགས་སྐྱོབ་དངོས་རྫས་བསྐྱལ་ཡོད་པ་རེད།
ཏེ་ཨར་ན་གྲོང་ཁྱེར་གྱི་གྲོང་སྤྱི་ཡིས་དེ་སྔོན། གཅིག་ཤས་ན་གྲོང་ཁྱེར་དེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་20000ལས་བརྒལ་སྲིད་ཅེས་བསྟན་འདུག

中央广播电视总台 央广网 版权所有

ལི་པི་ཡ་ཤར་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་11000ལས་བརྒལ་བ།

ཏེ་ཨར་ན་གྲོང་ཁྱེར་གྱི་གྲོང་སྤྱི་ཡིས་དེ་སྔོན། གཅིག་ཤས་ན་གྲོང་ཁྱེར་དེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་20000ལས་བརྒལ་སྲིད་ཅེས་བསྟན་འདུག