པཎ་ཆེན་རིན་པོ་ཆེས་ལྷ་སར་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱངས་པ།
ཉེ་དུས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་གཏན་གྱི་མཛད་འཆར་ཁག་སྟར་ཆགས་སུ་བསྐྱངས་ཐོག་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་དང་ཆོས་ཕྱོགས་མཛད་སྒོ་ཁག་བསྐྱངས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་གནང་བ་རེད།
སྤྱི་ཟླ་7ཚེས་11ཉིན་ནས་ཚེས་12ཉིན་བར། པཎ་ཆེན་རིན་པོ་ཆེ་མཆོག་ནས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་སྙན་ཞུ་ཡང་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ལས་དོན་སྙན་ཞུ་གནང་སྐབས། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་ཏན་ཏིག་བཏང་ནས་གཏན་འཁེལ་གཉིས་ལ་བློ་དཀར་སེམས་དཀར་ངང་སྲུང་སྐྱོབ་དང་། གསར་གཏོད་བཞིར་སྐུལ་འདེད་བཏང་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། སློབ་གསོ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ རང་ངོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་བསྟན་དོན་དང་སྒྲིག་སྲོལ་ལ་འགྲེལ་བཤད་རྒྱག་པ། སྤྱོད་ཚུལ་ལེགས་བཅོས་ཏན་ཏིག་དང་། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་བོད་བརྒྱུད་ནང་བསྟན་གྱི་འཆད་འགྲེལ་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་འཆད་ཁྲིད་གཏིང་ཟབ་སྤེལ་ནས་བོད་བརྒྱུད་ནང་བསྟན་དེ་ཁྱོན་ཡོངས་ནས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་བདེ་ཐང་རྒྱུན་འཛིན་གྱི་འགན་འཁྲི་འཁུར་བ་དང་། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ། རང་ངོས་ཀྱི་ཆོས་ལུགས་བློ་སྦྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།
དེའི་རིང་། པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་ཐེངས་དགུ་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་གཏམ་རྒྱུད་སྒྲོག་འགྲེལ་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་འདུའི་འདུ་ཤེས་གསུམ་གྱི་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་སྐྱོང་གི་སློབ་གསོའི་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་གཞུང་དོན་ཚོགས་འདུ་ཐེངས་བདུན་པ་བཅས་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་ཏེ་བོད་རང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་པོས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
ལྷ་སར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་མཆོག་ནས་སྔ་རྗེས་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་དང་། ཚེ་མཆོག་གླིང་དགོན། འབྲི་གུང་མཐིལ་དགོན་བཅས་སུ་ཆོས་ཀྱི་འཕྲིན་ལས་བསྐྱངས་གནང་བ་རེད། དགོན་སྡེ་ཁག་ཚང་མས་པཎ་ཆེན་རིན་པོ་ཆེ་སྟོན་འཁོར་རྣམས་ཆིབས་ཞལ་བསྒྱུར་བར་སེར་སྦྲེང་དང་། དར་འཕྱར། དུང་རྒྱ་གླིང་སོགས་ཕུན་སུམ་ཚོགས་པའི་སྤྱན་འདྲེན་ཞུས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་ནས་ཀྱང་གུར་གུམ་བཅལ་དུ་བཀྲམ་འདྲའི་དགེ་འདུན་པའི་ཚོགས་ལ་ཆོས་ཀྱི་བཀའ་དྲིན་བསྐྱངས་གནང་བ་དང་འབྲེལ་རྒྱལ་ཁམས་བདེ་ཞིང་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་ཐུགས་སྨོན་གཟབ་བཞེས་གནང་བ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐྱིད་པོ། མིག་དམར་རྒྱ་མཚོ།
སྒྲིག་སྒྱུར། བསྟན་དབང་།