ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཁ་བཟང་བ།

2022-11-30 19:28:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་འགྱུར་མགྱོགས་སུ་གཏོང་བ། ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་གོང་འཕེལ་གྱི་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུ་དང་སྤུས་ཚད་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་ཡོད། འདས་ཟིན་པའི་ལོ་10ཡི་ནང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་བརྒྱུད་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་བས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བཏོན་ཡོད། ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། གོང་འཕེལ་གཏོང་རྒྱུ་ནི་ཏང་གིས་སྲིད་འཛིན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ཚེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ་ཅེས་གསུངས་ཡོད།

འཕྲུལ་འཁོར་གྱི་སྒྲས་ཁེངས་པའི་བཟོ་གྲྭའི་འཁོར་ཁང་དང་། ཚ་ཚ་འུར་འུར་ངང་ལས་དོན་སྒྲུབ་བཞིན་པའི་འཛུགས་སྐྲུན་བྱེད་གནས། དེ་བཞིན་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་འགག་སྒྲོལ་ས་ཡུལ་དངོས་བཅས་སུ། འདས་ཟིན་པའི་ལོ་10ཡི་ནང་ཕུགས་འདུན་དོན་གཉེར་བྱེད་མཁན་གྲངས་ལས་འདས་པས་སྙིང་སྟོབས་ཆེར་སྐྱེད་དང་ལག་བསྟར་ནན་ཏན་གྱིས་ལྷོད་གཡེང་མ་བཏང་བས། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་ལྡབ་2.6འཕར་བ་དང་། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ལྡབ་གཉིས་འཕར་བ། སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་གྲངས་འབོར་དུང་ཕྱུར་གཅིག་དང་ས་ཡ་དགུ་ལས་བརྒལ་ཡོད། ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་གྱི་གྱོན་ཆས་ཐོན་སྐྱེད་ཁེ་ལས་ཤིག་ཏུ་བཟོས་ཚར་མ་ཐག་པའི་སྲིང་བལ་སྟོད་གོས་5000ལྷག་ཙམ་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱེད་གྲབས་ཡོད་པ་དང་ཀུང་སིའི་ལས་སྒོའི་སྤྱི་གཉེར་ལི་ཝུན་ཤིའུ་ཡིས། དུས་ཚིགས་གསུམ་པ་ནི་བྲིན་ཚོང་བྱེད་ཚད་ཨ་སྒོར་ཁྲི་1000ལེགས་སྒྲུབ་བྱུང་བའི་དུས་ཚིགས་ཞིག་ཡིན་ཞིང་། དུས་མཚུངས་ལས་48%འཕར་ཡོད། སྔོན་དཔག་བྱས་ན་འདི་ལོའི་ང་ཚོའི་བྲིན་ཚོང་བསྡོམས་འབོར་ལོ་ཧྲིལ་པོར་ཨ་སྒོར་ཁྲི་3700ཟིན་ནས་ང་ཚོའི་ཐོག་མའི་འཆར་གཞིའི་མཐའ་མའི་གདོང་མཆོང་དམིགས་ཚད་ལས་ཆེས་ཆེར་བརྒལ་བཟོ་ཡོད་ཅེས་བཤད་འདུག

མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། གནམ་མིག་རྟགས་ཅན་གྱིས་མཁའ་དབྱིངས་སུ་འཚོལ་ཞིབ་བྱེད་པ། ཀླུ་མོ་རྟགས་ཅན་གྱིས་མཚོ་གཏིང་དུ་འཚོལ་ཞིབ་བྱེད་པ། ལྷ་གྲུ་མཁའ་དབྱིངས་སུ་འཕུར་བ། གནམ་གྲུ་ཆེ་གྲས་འཕུར་ཐེངས་ཐོག་མ་སོགས་རྣམ་གྲངས་གལ་ཆེན་རབ་དང་རིམ་པའི་ལས་གྲྭ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱུང་ཡོད།
ཀྲང་ཏ་མྱུར་བགྲོད་ལྕགས་ལམ་གྱིས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་འབྲེལ་མཐུད་བྱས་ཤིང་། དེ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གནད་ཆ་སྦྱོར་ལས་གྲྭ་ཞིག་ཡིན། སྐབས་དེ་དུས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་སྒྲོམ་འདིང་ཡན་ལག་ཀུང་སིའི་ཀྲང་ཏ་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་ལི་ཤང་ཅུན་གྱིས། ཕ་ཡུལ་ལ་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཆེད་ང་ཚོས་གྲང་ངར་ཆེ་བའི་གནམ་གཤིས་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་ནས་ཉིན་8ཀྱི་དུས་ཚོད་ནང་ཉིན་མཚན་བལྟོས་མེད་ཀྱིས་ལས་ཀ་བྱས་ནས་ཀྲང་ཏ་མྱུར་བགྲོད་ལྕགས་ལམ་གྱི་ཐན་ཀྲེན་བབས་ཚུགས་ཀྱི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་པ་ཡིན་ཞེས་ཕྱིར་དྲན་གནང་ཡོད།

ལི་ཤང་ཅུན་གྱིས། ལོ་10པོ་དེའི་རིང་རང་ཉིད་སྔ་རྗེས་སུ་ཐང་ཚའོ་ལྕགས་ལམ་དང་ཀོང་རའོ་ལྕགས་ལམ་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགན་ནང་ཞུགས་པ་ཡིན། མང་ཚོགས་རྣམས་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་སྐྱོད་པ་དང་། ཚང་མས་རླངས་འཁོར་བཏང་ནས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་པ་མཐོང་སྐབས་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ཅེས་གསུངས་འདུག མི་སྡོད་ཁོར་ཡུག་ནས་འཚོ་བའི་སྤུས་ཚད་བར་དང་། ཟས་གོས་འགྲོ་སྡོད་བཞི་ནས་སློབ་གསོ་སྨན་བཅོས་བར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པའི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྤྱི་ལོ་2021ལོ་དེ་སྤྱི་ལོ་2012ལོ་ལས་དངོས་སུ་78%འཕར་བ་དང་། ལོ་10ཡི་ནང་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གསར་དུ་ལས་ཞུགས་ཐུབ་པ། གཞི་རྩའི་སྨན་བཅོས་དང་རྒན་གསོ་འགན་བཅོལ་ཁག་སོ་སོར་མི་དུང་ཕྱུར་བཅུ་གསུམ་དང་བྱེ་བ་དྲུག་དང་མི་དུང་ཕྱུར་བཅུ་དང་བྱེ་བ་བཞི་ལ་ཁྱབ་ཡོད། ཀྲུང་དབྱང་ནོར་དོན་གཞུང་ལས་ཁང་གི་རྒྱུན་གཏན་ལས་དོན་གྱི་ འགན་འཁུར་མཁན་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་ཡིས། ང་ཚོས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ཡོད། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་བསྡུར་ཚད་དེ་བཞི་ཆ་གཅིག་ཙམ་ནས་གསུམ་ཆ་གཅིག་ཙམ་བར་མང་དུ་ཕྱིན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ཅེས་གསུངས་འདུག

དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་མཉམ་ལས་གཉིས་རྒྱལ་དང་ཁ་འབྲལ་ཐབས་མེད། ཡུན་ནན་ཞིང་ཆེན་ཅིང་ཧུང་གྲོང་ཁྱེར་དུ་གནས་པའི་ཡེ་ཞང་ཀུའུ་བབས་ཚུགས་ཟོག་འདྲེན་ར་བའི་ནང་། ལྕགས་ཕྱེ་ཏུན་1400ལྷག་ཙམ་བླུགས་པའི་ཀྲུང་གོ་དང་ལོ་སིའི་བར་གྱི་ལྕགས་ལམ་གྱི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཞིག་གནས་འདི་ནས་རྡོག་ཐོན་བྱས་ཡོད། ལྕགས་ལམ་ཐོག་གི་དངོས་ཟོག་སྐྱེལ་འདྲེན་བ་ཁྲེན་ཧའེ་ཚན་གྱིས། དངོས་ཟོག་གཙོ་བོ་ནི་མེང་གཏེར་དང་ལྕགས་ཞིབ་གཏེར་ཕྱེའི་རིགས་ཡིན་པ་མ་ཟད། ད་དུང་རྫ་དཀར་བཟོ་ཆས་ཀྱི་ས་ཡང་ཡོད་ཅེས་བཤད་འདུག

ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་གྲབས་ཡོད་པས་གྲོགས་ཚོགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ཕན་པ་ཐོབ་མཁན་ཡང་དེ་བས་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡའི་ཅ་དབན་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གཅིག་སླར་ཡང་བསྣན་ཡོད། ལོ་10ཡི་རིང་ང་ཚོས་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་དང་འབྲེལ་མཐུད་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། འབྱུང་འགྱུར་ལོ་ལྔའི་ནང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བར་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེན་ཞི་ཡིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ལ་འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ང་ཚོའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཁ་བཟང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་འགྱུར་མགྱོགས་སུ་གཏོང་བ།