ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་སྒོ་ཀུན་ནས་མངོན་འགྱུར་བྱུང་བ།

2021-01-21 16:58:00     责编:sangjzm

དབུལ་སྒྲོལ་འགག་གཏོར་གྱི་ཚད་གཞི་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་བརྟན་པོའི་ངང་མངོན་འགྱུར་བྱ་རྒྱུ་དེ་རེད། དེ་ཡང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ལ་ཟས་གོས་གཉིས་ཀྱི་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་བྱ་རྒྱུ་དེ་རེད།

དུས་ཡུན་ལོ་བརྒྱད་ཀྱི་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་རང་རྒྱལ་གྱིས་དུས་བཀག་ལྟར་དུས་རབས་གསར་པའི་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་བྱས་པ་དང་། ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་ཐུབ་པ་བྱས་པ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་སྒོ་ཀུན་ནས་མངོན་འགྱུར་བྱས་པ། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་པ་བཅས་བྱས་ཡོད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་རུ་མགུལ་ཤང་མ་རུ་གྲོང་ཚོར་བོད་ལུགས་སྡོད་ཁང་གསར་པ་གྲལ་སྟར་སྒྲིག་ནས་ཡོད་པ་དང་། གྲོང་མི་ཚེ་དཔག་སྐྱབས་ཀྱི་ཁྱིམ་གྱི་ཁང་པ་དཀར་ཆ་དོད་ཅིང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་པོ་ཡོད། ཚེ་དཔག་སྐྱབས་ཀྱིས་ང་ཚོ་ནང་མི་བདུན་སྤྱི་ལོ་2018ལོར་སྐྱས་སྤོ་བའི་འབྲོག་ཁུལ་འཚོ་བ་དང་བྲལ་ནས་དེ་གར་སྤོས་པ་ཡིན་ཞེས་གསུངས་ཡོད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དེས་དབུལ་ཕོངས་མང་ཚོགས་ས་ཡ་དགུ་དང་དྲུག་འབུམ་ཡུལ་དེའི་ས་ཆུས་སྐྱོང་མི་ཐུབ་པའི་ཉམས་ཐག་གནས་བབ་ལས་ཐར་བ་དང་། སྤྱིལ་ཁང་བསྒྱུར་བཀོད་བྱས་པ་དེས་དབུལ་ཕོངས་མང་ཚོགས་བྱེ་བ་གཉིས་དང་ས་ཡ་བཞི་དང་དགུ་འབུམ་སུམ་ཁྲི་བདེ་འཇགས་ལྡན་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད། ཀན་སུའུ་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ལན་ཧུང་གིས། ཀན་སུའུ་ཡིས་འཐེན་བཤེར་བྱས་པའི་སྤྱིལ་ཁང་ཚང་མ་བཤིག་ཟིན་པ་མ་ཟད་རྒྱུད་ཆད་མེད་པར་གྲོང་གསེབ་ཀྱི་སྤྱིལ་ཁང་བསྒྱུར་བཀོད་ལས་དོན་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་བ་ཕུད། དབུལ་ཕོངས་མང་ཚོགས་ཀྱི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས་ཚང་མར་འགན་ལེན་བྱུང་ཡོད། དབུལ་ཕོངས་ས་ཁུལ་དུ་རིམ་རྩིས་བྱས་ན་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭ་ཆིག་འབུམ་བརྒྱད་ཁྲི་ཙམ་བསྒྱུར་བཀོད་བྱས་ཟིན་པ་དང་། འོས་འགན་སློབ་གསོའི་དུས་མཚམས་རིང་སློབ་གྲྭ་ནས་ཕྱིར་འཐེན་བྱ་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་རྒྱུ་འགན་སྲུང་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ཀུའེ་ཀྲའུ་ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིང་ཨུད་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཤིན་ཝུའུ་ཡིས། མིག་སྔར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་ཆ་སྒྲིག་སློབ་གྲྭ་སྒོ་ཀུན་ནས་འཛུགས་སྐྲུན་ལེགས་གྲུབ་ཟིན་ཏེ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་ཅེས་གསུངས་ཡོད།

སློབ་གསོར་བརྟེན་ནས་མི་རབས་ནས་མི་རབས་བར་དབུལ་ཕོངས་ཆགས་པའི་རྒྱུ་རྐྱེན་གཅོད་པ་དང་། སྨན་བཅོས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་དགོས། རང་རྒྱལ་གྱི་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཚན་པ་ཡོངས་རྫོགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། དབུལ་ཕོངས་མང་ཚོགས་ནས་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་པའི་སྨན་རིན་རྩིས་ཞུ་བྱེད་པའི་བསྡུར་གྲངས་ཀྱང་བརྒྱ་ཆ་80ཡས་མས་བར་མཐོ་རུ་བཏང་ཡོད་པ་རེད།

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་ལས་དོན་དམིགས་འབེན་གལ་ཆེན་ཞིག་རེད་ཅེས་བླང་བྱ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཨའུ་ཆིང་ཕིང་གིས། མུ་མཐུད་དེ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡི་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

རང་རྒྱལ་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་སྒོ་ཀུན་ནས་མངོན་འགྱུར་བྱུང་བ།

དབུལ་སྒྲོལ་འགག་གཏོར་གྱི་ཚད་གཞི་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་བརྟན་པོའི་ངང་མངོན་འགྱུར་བྱ་རྒྱུ་དེ་རེད། དེ་ཡང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ལ་ཟས་གོས་གཉིས་ཀྱི་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་བྱ་རྒྱུ་དེ་རེད།