ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་གལ་ཆེན་ཞིག་འཚོཊ།

2020-08-01 18:35:00     责编:娜科

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་གནང་ནས།  སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྐོང་འཚོགས་བྱ་རྒྱུའི་གཏན་འབེབས་གནང་བ་དང་། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ། 

 

    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།     སྤྱི་ཟླ་༧པའི་ཚེས་༣༠ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་གནང་ནས།  ད་ལོའི་སྤྱི་ཟླ་༡༠པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྐོང་འཚོགས་བྱ་རྒྱུའི་གཏན་འབེབས་གནང་ཡོད་པ་དང་།  གྲོས་ཚོགས་ཀྱི་གྲོམ་རིམ་གཙོ་བོ་ནི།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་གནང་རྒྱུ་ཡིན་པ་དང་།   རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་ཉིས་སྟོང་བརྒྱ་མེད་སུམ་ཅུ་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་འཛུགས་རྒྱུའི་གྲོས་འགོའི་སྐོར་ལ་ཞིབ་འཇུག་གནང་རྒྱུ་ཡིན་པ་རེད།    གྲོས་ཚོགས་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་ནས།  ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

         གྲོས་ཚོགས་ཐོག     ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པ་དང་།  ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས།  དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་སྐྱོད་འགོ་བརྩམས་པ།  ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་།  རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་ལྡན་པའི་དུས་སྐབས་སུ་གནས་ཡོད་མོད། ཡིན་ནའང་གོ་སྐབས་དང་འགྲན་རྩོད་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་ཡོད།  དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། དུས་མཚུངས་སུ་རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ནས།  འཕེལ་རྒྱས་ལ་ཕྱོགས་མང་པོའི་བཟང་ཆ་དང་ཆ་རྐྱེན་ལྡན་པ་དང་ཆབས་ཅིག  འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་།  གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་གསོ་སྐྱོང་བྱེད་པ་དང་། འགྱུར་བའི་ཁྲོད་རྣམ་པ་གསར་པ་འབྱེད་མཁས་པ།  གོ་སྐབས་དམ་འཛིན་དང་། འགྲན་རྩོད་ལ་ཁ་གཏད་གཅོག་པ།  ཕན་གཉེར་གནོད་གཡོལ། དཔའ་ངར་ཆེར་སྐྱེད་བཅས་ཀྱིས་མདུན་སྐྱོད་བྱ་དགོས་པའི་ངོས་འཛིན་གནང་ཡོད།

     གྲོས་ཚོགས་ཐོག  ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར།  ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པ། སྤྱི་ཚོགས་ལྷིང་འཇགས་འཆམ་མཐུན་ཡོང་བ་བཅས་བྱས་ནས།  སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ནས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས་ཞེས་ནན་སྟོན་བྱས་ཡོད།  

    གྲོས་ཚོགས་ཐོག    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར།  ངེས་པར་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པར་རྩ་བའི་འགན་ལེན་མཁོ་འདོན་བྱ་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱ་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་པ་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ནས།  སྤུས་ཚད་དེ་བས་ལེགས་པ་དང་། ལས་ཆོད་དེ་བས་ཆེ་བ། དེ་བས་གཞུང་དྲང་། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་།  མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས།  འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ངེས་པར་དུ་སྔོན་མཐོང་རང་བཞིན་ལྡན་པའི་བསམ་བློ་དང་། ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པའི་ཇུས་འགོད། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་བཀོད་སྒྲིག  སྤྱི་ཡོངས་ཀྱི་རང་བཞིན་ལྡན་པའི་སྐུལ་སྤེལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས།   འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། མྱུར་ཚད། སྤུས་ཚད། གྲུབ་ཚུལ། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བར་བྱ་དགོས་ཞེས་བསྟན་ཡོད།  

    གྲོས་ཚོགས་ཐོག   ལོ་འདི་ཤར་ཚུན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚབས་ཆེའི་ཕོག་ཐུག་ཐེབས་པའི་འོག ང་ཚོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་གལ་ཆེ་ཤོས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་བ།  བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཟླ་རེ་བཞིན་ལེགས་སུ་ཕྱིན་པ། དུས་ཚིགས་གཉིས་པར་དཔལ་འབྱོར་འཕར་སྣོན་འགྲོ་ཚད་སྔོན་དཔག་ལས་མངོན་གསལ་དོད་པོས་ཡག་པ་བྱུང་བ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཏན་ཏིག་བཏང་བ། དཔལ་འབྱོར་གྲུབ་གཞི་རྒྱུན་མཐུད་ལེགས་འགྱུར་བྱུང་བ། ཐོན་ལས་གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་བརྗེ་སྒྱུར་མྱུར་པོ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ནུས་ལྡན་ཐུབ་ཡོད། དེ་དག་ལས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ནི་ཡང་དག་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་སྟོབས་ཆེ་ནུས་ལྡན་ཡིན་པ། རང་རྒྱལ་དཔལ་འབྱོར་གྱི་མཉེན་ཤུགས་ནི་ཤུགས་ཆེན་ཡིན་པ། ཀྲུང་གོ་མི་དམངས་ལ་རླབས་ཆེའི་གསར་གཏོད་ཀྱི་ནུས་པ་ལྡན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་གསོན་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་པ་བཅས་ར་སྤྲོད་གསལ་པོ་བྱུང་ཡོད་ཞེས་ནན་སྟོན་བྱས་ཡོད། 

    གྲོས་ཚོགས་ཐོག མིག་སྔའི་དཔལ་འབྱོར་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། བརྟན་བརླིང་མིན་པའི་རང་བཞིན་དང་གཏན་འཁེལ་མིན་པའི་རང་བཞིན་ཅུང་ཆེ་ཙམ་ཡོད། ང་ཚོར་འཕྲད་པའི་གནད་དོན་མང་པོ་ཞིག་ནི་དུས་ཡུན་རིང་འབྲིང་ནང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡིན་པས། རྒྱུན་མཐུད་དམག་འཐབ་རྒྱག་རྒྱུའི་འདུ་ཤེས་འཛིན་དགོས་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་མཉམ་དུ་འཁོར་རྒྱུག་དང་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གྲུབ་གཞི་གསར་པ་ཆགས་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ཁྲོད་ཀྱི་དུས་ཡུན་རིང་འབྲིང་གི་མཐུན་སྦྱོར་སྒྲིག་གཞི་འཛུགས་དགོས་པ། གྲུབ་གཞི་ལེགས་སྒྲིག་གི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤྱི་ཁོག་ཚོད་འཛིན་དུས་འཁོར་འཆར་འགོད་དང་སྙོམས་སྒྲིག་འཐུས་ཚང་དུ་གཏོང་དགོས་པ། འཕར་སྣོན་བརྟན་པོ་དང་ཉེན་ཁ་སྔོན་འགོག་བྱེད་པའི་ཡུན་རིང་དོ་སྙོམས་ཡོང་བའི་གནས་སྟངས་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།

    གྲོས་ཚོགས་ཐོག ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལྷག་པ་བྱེད་དགོས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  སྒྱུར་བཅོས་སྒོ་དབྱེ་ཟབ་སྤེལ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་དམ་འཛིན་ཡག་པོ་བྱེད་དགོས་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ལ་སྲུང་སྐྱོང་དང་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པ། བརྟན་པོ་དྲུག་གི་ལས་དོན་ཏག་ཏིག་ངང་ཡག་པོ་བསྒྲུབ་དགོས་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་བརླིང་གི་དུས་བབ་ཆེན་པོར་སྲུང་སྐྱོང་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

 གྲོས་ཚོགས་ཐོག སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་དགོས། ནོར་སྲིད་སྲིད་ཇུས་དེ་བས་དགེ་མཚན་ལྡན་པ་དང་ཕན་འབྲས་ཐོན་པ་བྱ་རྒྱུར་དང་དོད་བྱེད་དགོས།  རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་མ་དངུལ་འགན་ལེན་བྱེད་དགོས་པ་དང་སྤུས་ཚད་དང་ཕན་འབྲས་ལ་དང་དོད་བྱེད་དགོས། དངུལ་ལོར་སྲིད་ཇུས་དེ་བས་སྟབས་བསྟུན་འོས་འཚམ་དང་གནད་འཕིགས་ཁྲིད་སྟོན་ཐུབ་པ་བྱེད་དགོས། དངུལ་ལོར་མཁོ་སྤྲོད་བྱེད་ཚད་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་གསོག་གི་གཞི་ཁྱོན་འཕར་སྣོན་ལུགས་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་ཀྱི་མ་རྩ་མཉམ་གསོག་གི་མ་གནས་མངོན་གསལ་དོད་པོས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། གསར་འཕར་བྱུང་བའི་མཉམ་གསོག་མ་རྩ་བཟོ་སྐྲུན་ལས་རིགས་དང་། ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་བཅས་ལ་གཏོང་རྒྱུ་འགན་ལེན་བྱེད་དགོས་པ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་དེ་དག་ལས་ཞུགས་དང་། ཐོན་ལས། ས་ཁོངས་སོགས་ཐད་ཀྱི་སྲིད་ཇུས་ཀྱི་གཅིག་སྡུད་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

    གྲོས་ཚོགས་ཐོག  ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་འཛིན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་དངོས་ཟོག་གྲབས་གསོག་བྱ་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།     བྱ་སྤྱོད་ངོ་མའི་ཐོག་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱེད་པ། མཐའ་མའི་འཛད་སྤྱོད་རྒྱ་ཆེར་གཏོང་བ། གྲོང་མིའི་འཛད་སྤྱོད་རིམ་སྤོར་ཆེད་ཆ་རྐྱེན་བསྐྲུན་དགོས། ཕུགས་ལ་རྒྱང་ལྟ་བྱས་ནས། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ་དང་། སྤྱི་ཚོགས་མ་རྩ་དེའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས། དཔེ་གསར་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། ཁྱབ་ཁོངས་གལ་ཆེན་གྱི་གོང་འཕེལ་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱེད་པའི་གོམས་སྟབས་མགྱོགས་སུ་གཏོང་དགོས།  དཔེ་གསར་ཅན་གྱི་གྲོང་རྡལ་ཅན་ལ་འགྱུར་བའི་མ་འཇོག་དང་འཛད་སྤྱོད་དགོས་མཁོར་སྐུལ་འདེད་གཏོང་དགོས་པ།  གྲོང་ཁྱེར་ཁྱུ་ཚོགས་གཞི་གཅིག་ཅན་གོང་འཕེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་བརླིང་རང་བཞིན་དང་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ།  ཞན་ཆ་གསབ་པ་དང་བཟང་ཆ་འདོན་སྤེལ་བྱ་རྒྱུར་དེ་བས་དང་དོད་བྱ་དགོས།  ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་སྲ་བརྟན་དུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་འདེད་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་བེད་སྤྱད་ནས་ཚོང་གཉེར་གྱི་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་པ། མུ་མཐུད་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་དངུལ་འཛིན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། མ་རྩའི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  ཁང་པ་ནི་མི་སྡོད་ས་ཡིན་པ་ལས།   ཉོ་ཚོང་ཆེད་དུ་མིན་པའི་གནས་བབ་རྒྱུན་འཁྱོངས་བྱས་ནས།  ས་ཁང་ཐོན་དབང་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུ་འདེད་གཏོང་དགོས། དམངས་འཚོར་འགན་ལེན་ཡག་པོ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ།  ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རིམས་ནད་ཀྱིས་ན་གཞོན་ཚོའི་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་སེལ་བ། ཕྱིར་ཐོན་པའི་ཞིང་པ་ལས་མིའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ། དབུལ་སྒྲོལ་འགག་གཏོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་རྒྱུ་འགན་ལེན་བྱེད་པ། དབུལ་ཕོངས་རྫོང་ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱེད་པ། མུ་མཐུད་ནས་སྦགས་གཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། འབྲི་ཆུ་དང་རྨ་ཆུའི་འབྱུང་ཁམས་སྲུང་སྐྱོང་བྱེད་པའི་ལས་གྲྭ་ཁག་གཅིག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཐོག་ལོ་བཅུ་ཉ་འཛིན་མི་ཆོག་པ་དོན་འཁྱོལ་ཡག་པོ་བྱེད་དགོས། འཕྲལ་སྒྲུབ་དོ་དམ་དམ་འཛིན་དང་།  བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་དགོས། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གནོད་སེལ་སྒྲིག་འཛུགས་ཡག་པོ་བྱས་ནས། ལྷོ་བྱང་རྒྱུད་ཀྱི་གཙང་པོ་དང་ཆུ་བོ་བདེ་འཇགས་ངང་འབྲུབ་ཆུ་སྒྲོལ་རྒྱུར་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་འཆར་འགོད་ཡག་པོ་བྱས་ནས།  མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད། 

    གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག  སྐྱིད་པོ།

ཡིག་སྒྱུར།  ཟླ་བ་གཡུ་སྒྲོན།  བསྟན་འཛིན་འཇམ་དཔལ།   བསྟན་འཛིན་དབང་རྒྱལ། 

འཛམ་གླིང་སྐར་ཁུངས།

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་གལ་ཆེན་ཞིག་འཚོཊ།

གྲོས་ཚོགས་ཐོག ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་འཛིན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ།