ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་རྒྱ་གྲམ་དམར་པོས་ཝུའུ་ཧན་དུ་ལས་འགན་འདི་དང་དུ་བླངས།

2020-02-13 15:02:34     责编:nake

  

  

  ཀྲུང་དབྱང་རླུང་འཕྲིན་དྲ་བའི་ཐོག་ཟླ་2པའི་ཚེས་10ཉིན་ཟི་ལིང་ནས་སྤེལ་བའི་གནས་ཚུལ་ལྟར་ན། གསོ་སྦྱོང་ནན་པོ་བྱས་པ་བརྒྱུད་ཟླ་2པའི་ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་ཝུའུ་ཧན་འཐབ་ཕྱོགས་དང་པོར་རོགས་སྐྱོར་བྱེད་པར་སྐྱོད་མཁན་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་རུ་ཁག་གིས་ནད་པ་སྨན་བཅོས་བྱེད་པར་བསུ་བ་དང་ནད་པ་སྐྱེལ་འདྲེན་གྱི་ལས་འགན་སྒྲུབ་འགོ་ཚུགས་ཡོད།

  

  

  ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པའི་མངགས་གཏོང་བརྡ་ཐོ་ལྟར་ན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧུའུ་པེའི་འཐབ་ས་དང་པོའི་རོགས་སྐྱོབ་རུ་ཁག་བཙུགས་ནས་ཧུའུ་པེའི་ཝུའུ་ཧན་དུ་ནད་པ་སྨན་བཅོས་བྱེད་པར་བསུ་བ་དང་བརྒྱུད་འདྲེན་ལས་འགན་སྒྲུབ་པར་བསྐྱོད་དགོས་ལ། བརྡ་ཐོ་འབྱོར་མ་ཐག་ཆུ་ཚོད་3ཡང་མ་འགོར་བར་རོགས་སྐྱོབ་རུ་ཁག་བསྡུ་རུབ་བྱས་ཏེ་ཟླ་2པའི་ཚེས་8ཉིན་ཝུའུ་ཧན་དུ་འབྱོར་བ་རེད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧུའུ་པེའི་འཐབ་ས་དང་པོའི་རོགས་སྐྱོབ་རུ་ཁག་ལ་རོགས་སྐྱོར་བྱེད་པར་མངགས་གཏོང་བྱས་པའི་རུ་མི་བཅུ་པོ་དེ་དག་ནི་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ཆེད་ཚན་སྨན་ཁང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི(མཚོ་སྔོན)རྒུད་སྐྱོབ་རོགས་སྐྱོབ་རུ་ཁག མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་འཚོལ་སྐྱོབ་རོགས་སྐྱོབ་རུ་ཁག་བཅས་ནས་ཡིན་པ་དང་། ཚང་མར་དབུགས་ལམ་ཚན་ཁག་དང་། ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ནད་ཐོག་ཉམས་མྱོང་དང་། མྱུར་སྐྱོབ་རླངས་འཁོར་གྱི་ཁ་ལོ་བའི་རྩལ་ནུས་བཅས་འཛོམས་ཡོད།

  

  

  ཟླ་2པའི་ཚེས་9ཉིན་གྱི་ཆུ་ཚོད་8པར། ཝུའུ་ཧན་གྱི་འཐབ་ས་དང་པོར་ཆས་པའི་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་རུ་ཁག་གི་རུ་མི་ཚང་མ་གཅིག་ཏུ་འདུས་ཏེ། ཐུང་ཅི་སྨན་ཁང་ཀྲུང་ཧྥ་ཤིན་ཁྲེང་ཡོན་ཁུལ་ནས་རླངས་འཁོར་རྩིས་ལེན་དང་སྙོམས་སྒྲིག་ཚོད་ལྟའི་ལས་དོན་སྤེལ། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་ཏང་ཙུའི་ཁོངས་མི་ཝང་ཧའེ་ཅིང་དང་། ལྟ་ཞིབ་དཔོན་གཞོན་པ་ལི་ལི་ཏུང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཀུའོ་དབྱང་དང་བཅས་པས་ཐུང་ཅི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཙེང་ཞའོ་ཡུང་དང་ལྷན་དུ་རླངས་འཁོར་རྩིས་སྤྲོད་རྩིས་ལེན་བྱས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་རུ་ཁག་གི་དཀའ་ངལ་ལ་མི་འཛེམ་པ་དང་འཆི་བ་ལ་མི་སྐྲག་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད། ཙེང་ཞའོ་ཡུང་གིས་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཝང་ཧའེ་ཐའོ་ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་། རོགས་སྐྱོབ་རུ་ཁག་གི“བོས་མ་ཐག་སླེབས་ཐུབ་པ་དང་སླེབས་མ་ཐག་འཐབ་ནུས་པ”ཡི་རོགས་སྐྱོབ་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་བྱས།

  

  

  ལྡོག་གནོན་ལོགས་བཀར་ཁང་དང་། མཁའ་རླུང་གཙང་སྒྱུར་ཡོ་བྱད། མྱུར་སྐྱོབ་སྒྲིག་ཆས། རླངས་འཁོར་སོགས་བླངས་རྗེས་རོགས་སྐྱོབ་རུ་ཁག་གི་རུ་མི་ཚོས་སྨན་བཅོས་སྒྲིག་ཆས་རེ་རེ་ལ་རྒྱུས་ལོན་བྱས་པ་དང་། ཁོང་ཚོས་སྒྲིག་ཆས་དེ་དག་ནི་ནད་པར་བརྟག་དཔྱད་དང་ངོས་འཛིན་བྱེད་སྤྱད་ཡིན་པར་མ་ཟད། རང་ངོས་འགོག་སྲུང་གི་འགན་ལེན་ཞིག་ཀྱང་ཡིན་པས་གང་མགྱོགས་ཁོང་དུ་ཆུད་པ་བྱས་ཚེ་གཞི་ནས་དམག་འཐབ་ནང་ཞུགས་ཐུབ་པ་རྟོགས་ཡོད།

  ཝུའུ་ཧན་དུ་དགུན་དུས་ཀྱི་མཚན་མོའི་གྲང་ངར་ཧ་ཅང་ཆེ་ནའང་ཝུའུ་ཧན་གྱི་འཐབ་ས་དང་པོར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་རུ་ཁག་གི་རུ་མི་རྣམས་ལ་ངར་ཤུགས་ཀྱིས་ཁེངས་ཡོད་ལ། ཚེ་སྲོག་ལ་རེ་བའི་འོད་སྣང་སྦྱིན་པའི་མྱུར་སྐྱོབ་རླངས་འཁོར་རེ་རེ་བཏང་ནས་མཚན་སྨག་ཁྲོད་ཝུའུ་ཧན་གྱི་ཁྲོམ་གཞུང་དུ་ཤར་མར་བསྐྱོད་བཞིན་ཡོད།

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མིག་དམར་རྒྱལ་པོ།

  གསར་འགོད་པ། ཚེ་བརྟན་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

མཚོ་སྔོན་རྒྱ་གྲམ་དམར་པོས་ཝུའུ་ཧན་དུ་ལས་འགན་འདི་དང་དུ་བླངས།

ཀྲུང་དབྱང་རླུང་འཕྲིན་དྲ་བའི་ཐོག་ཟླ་2པའི་ཚེས་10ཉིན་ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པའི་མངགས་གཏ