ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཞལ་པར་ཐོག་བཀའ་མོལ་གནང་བ།

2019-12-02 10:20:00     责编:卓玛才让

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་12ཚེས་1ཉིན་ཞལ་ཆད་ལྟར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོ་གཞག་བྱས་པའི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཞལ་པར་ཐོག་བཀའ་མོལ་གནང་བ་རེད།

ལི་ཁི་ཆང་གིས་ཧྥེང་ཏེ་ལའེ་ཨེན་གྱིས་འགན་གནས་གསར་དུ་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མིག་སྔར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཡག་པོ་གནང་ཡོད། ལི་ཁི་ཆང་གིས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཕན་ཚུན་མཉམ་ལས་ཀྱི་རོགས་པ་གཙོ་བོ་ཡིན་པ་དང་། ཕྱོགས་གཉིས་ཀས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་རྒྱ་ཁྱབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་དམིགས་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བརྟེན། ཀྲུང་གོ་དང་ཡོ་རོབ་ལ་ཕན་ཐོགས་ཡོད་པ་མ་ཚད་འཛམ་གླིང་ལ་ཡང་ཕན་ཐོགས་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་ནི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་འགྲོ་ལམ་ཧ་ཅང་རིང་པོ་བརྒྱུད་དགོས་ཀྱི་ཡོད། ང་ཚོས《ཕ་རི་སིའི་གྲོས་ཆོད》ཀྱི་ཁས་ལེན་ལག་བསྟར་ཧུར་ཐག་བྱེད་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་དཀའ་སྤྱད་འབད་བརྩོན་བྱས་ཏེ། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཡོ་རོབ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་གྱི་སྐབས་གསར་པའི་འགོ་ཁྲིད་མི་སྣ་སང་ལོར་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་22པར་ཞུགས་པར་ཕེབས་རྒྱུར་དགའ་བསུ་ཞུས་གནང་ཡོད།

ཧྥེང་ཏེ་ལའེ་ཨེན་གྱིས། ངས་འགན་གནས་ཁུར་བའི་ཉིན་དེ་རང་དུ་སྐུ་ཞབས་ཙུང་ལི་དང་ཞལ་པར་ཐོག་གླེང་མོལ་བྱས་པ་དེས། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད། སང་ལོ་ནི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་བར་མཐོ་རིམ་འགྲོ་འོང་གལ་ཆེན་རབ་དང་རིམ་པ་ཡོད། ངས་སང་ལོར་ཀྲུང་གོར་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་22པར་འཚོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་དང་ཀྲུང་གོའི་དབར་རྒྱུན་མཐུད་འཕེལ་རྒྱས་དང་། མ་འཇོག་གྲོས་ཆོད་གྲོས་མོལ་སོགས་ཀྱི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དེ་ལས་དོན་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩི་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། གཞན་ཡང་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་སོགས་ཀྱི་གནད་དོན་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་། ཧོ་ལི་ཧྥེང་གོང་གསལ་བྱེད་སྒོའི་ནང་མཉམ་དུ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཞལ་པར་ཐོག་བཀའ་མོལ་གནང་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་12ཚེས་1ཉིན་ཞལ་ཆད་ལྟར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོ་གཞག་བྱས་པའི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཞལ་པར་ཐོག་བཀའ་མོལ་གནང་བ་རེད།