ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2019-11-08 15:17:00     责编:sangjzm

སྤྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། མིག་སྔའི་ཞིང་ལས་དོན་ཐད་ཀྱི་སྙན་ཞུ་གསན་ནས། ཞིང་ལས་རྨང་གཞི་བརྟན་གཏོང་དང་། ཞིང་ཞོར་ཐོན་རྫས་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་། རིན་གོང་བརྟན་གཏོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ཀྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་པ་དང་། སྒོ་མོ་དབྱེ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག ད་ལོ་ནས་བཟུང་། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་པས་ཞིང་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། ལོ་ཧྲིལ་པོར་ལོ་ལེགས་ཡག་པོ་བྱུང་བ། ཐོན་འབོར་ལོ་ལྔ་བསྟུད་མར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ཡན་རྒྱུན་འཁྱོངས་ཐུབ་པ། ཕག་པ་ཐོན་སྐྱེད་ཀྱི་བྱ་ཐབས་གང་མགྱོགས་སླར་གསོ་བྱུང་བ། ཞིང་ཞོར་ཐོན་རྫས་གཙོ་བོ་བརྟན་པོའི་ངང་གོང་འཕེལ་བྱུང་བ་བཅས་བྱུང་ཡོད། འོན་ཀྱང་ཟས་རིགས་ཁག་ཅིག་གི་རིན་གོང་འཕར་ཚད་མགྱོགས་པས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་བཟོས་ཡོད། གོམ་སྟབས་རྗེས་མར། གཅིག་ནས། ཞིང་ཆེན་གྱིས་འགན་གཙོ་བོ་འཁུར་བ་དང་ཟས་རིགས་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། བྱ་ཐབས་མང་པོ་མཉམ་བཟུང་གིས་ཕག་པ་ཐོན་སྐྱེད་བྱ་རྒྱུ་སླར་གསོ་བྱེད་པ། ས་གནས་ཁག་གི་ལུགས་དང་མ་མཐུན་པའི་གསོ་ཚགས་བྱེད་མི་ཆོག་པའི་གཏན་འབེབས་ཁག་མེད་པ་བཟོ་བ། བྱང་ཕྱོགས་ཀྱི་ཨ་ཤོམ་ལྷོ་ཕྱོགས་ཀྱི་ཕག་པ་གསོ་ཚགས་བྱེད་མང་བའི་ཞིང་ཆེན་གྱི་གཟན་ཆག་ཏུ་མཁོ་འདོན་བྱེད་པ། བྱ་རིགས་ཀྱི་ཤ་དང་། ལུག་ཤ་གླང་ཤ་སོགས་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་། ཐོན་རྫས་ཁག་ཅིག་གི་རིན་གོང་ཤུགས་ཆེན་འཕར་རྒྱུ་གཏན་འགོག་བྱེད་དགོས། སྒོ་ཀུན་ནས་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་གཉིས་དང་ཟོག་གོང་འཕར་བ་དང་འབྲེལ་བ་བྱེད་པའི་སྒྲིག་གཞི་ལག་བསྟར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས། གཉིས་ནས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱ་རྒྱུ་ལྷུག་ཏུ་མི་གཏོང་བར་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་མཐའ་ཅིག་ཏུ་འཇུ་དགོས། སྟོན་འདེབས་དགུན་འདེབས་དང་། དགུན་སྐྱེལ་ལོ་ཏོག་ལ་གཡོག་བྱེད་བྱེད་པ། ལྷོ་ཕྱོགས་ས་ཁུལ་ཁག་ཅིག་གི་ཐན་འགོག་དང་། ཞིང་འབྲོག་ལས་ཀྱི་གནོད་འགོག་གནོད་སེལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་སང་ལོའི་ཞིང་འབྲོག་ཐོན་རྫས་ཡག་པོ་ཡོང་རྒྱུར་སྐུལ་འདེད་དང་ཟོག་གོང་བརྟན་པོ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། གསུམ་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ས་ཞིང་གི་ཆུ་བེད་འཛུགས་སྐྲུན་དང་ལྷག་པར་དུ་གཏོར་སྐྱོན་ཕོག་པའི་ཉམས་བཟོའི་ལས་གྲྭར་ཤུགས་སྣོན་རྒྱག་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ཆུ་བེད་ལས་གྲྭ་ཆེ་གྲས་ལས་འགོ་ཚུགས་རྒྱུར་དམ་འཛིན་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་དང་། ས་རྒྱུ་ལེགས་བཅོས་སོགས་འབུར་དུ་ཐོན་པ་བྱས་ནས་སྤྱི་ལོ་2022ལོར་སླེབས་དུས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་10འཛུགས་སྐྲུན་ཟིན་པ་དང་། ལོའི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཆིག་ཁྲི་ཡན་ཟིན་རྒྱུར་འགན་སྲུང་བྱེད་དགོས། ང་ཚོར་ལོ་ཏོག་རང་ཁ་རང་གསོ་ཐུབ་པ་དང་འབྲུ་རིགས་བདེ་འཇགས་ཐུབ་རྒྱུར་འགན་ལེན་བྱེད་པའི་ནུས་པ་ལྡན་ཡོད་ཅེས་བསྟན་ཡོད།

གྲོས་ཚོགས་ཐོག དུས་ཡུན་ལོ་ངོ་བདུན་གྱི་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཉེ་དུས། ཨེ་ཤི་ཡ་ཤར་ཁུལ་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་རབ་དང་རིམ་པའི་རིང་། ས་ཁོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་བར་ཡིག་ཆའི་གྲོས་བསྡུར་དང་དོན་དངོས་རང་བཞིན་གྱི་ཁྲོམ་ཞུགས་གྲོས་བསྡུར་ཡོངས་སུ་མཇུག་འགྲིལ་ཡོད། དེའི་ཐོག་ནས་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་དང་། ཁོངས་གཏོགས་གྲུབ་ཆ་མང་ཤོས། གོང་འཕེལ་གྱི་ལྐོག་ཤུགས་ལྡན་ཆེ་ཤོས་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་འགག་གྲོལ་ཆེན་པོ་བྱུང་བ་མཚོན་ཐུབ་ལ། དེ་ནི་འཛམ་གླིང་གི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱས་པ་ཞིག་དང་ཁ་གསབ་བྱས་པ་ཞིག་ཡིན་པས་གོང་འཕེལ་གྱི་དུས་མཚམས་མི་འདྲ་བ་དང་། ལམ་ལུགས་སྒྲིག་གཞི་མི་འདྲ་བའི་རྒྱལ་ཁབ་བར་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུ་འཛུགས་སྐྱོང་བྱེད་པའི་རང་མོས་ཉོ་ཚོང་གི་དཔེ་སྟོན་གཏོད་ཐུབ་ལ། ཁྲོམ་རའི་སེམས་ཤུགས་སྐུལ་སྤེལ་དང་ཐོན་ལས་རིམ་སྤོར་དང་ལས་ཞུགས་ལ་སྐུལ་འདེད། འཛམ་གླིང་གི་དཔལ་འབྱོར་ཆག་འགྲོ་བའི་སྣོན་ཤུགས་ལ་ཁ་གཏད་གཅོག་པ་བཅས་ལ་ཕན་ཐོག་ཡོད། གོམ་སྟབས་རྗེས་མར། ཕྱོགས་ཁག་གིས་ཤུལ་ལྷག་གནད་དོན་གང་མགྱོགས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྲེལ་ཡོད་ཚན་པས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ལོ་དེའི་ནང་ཚུན་དུ་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་ཏེ་འབྲེལ་ཡོད་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་གྱིས་རྒྱལ་སྤྱིའི་འགྲན་རྩོད་མཉམ་ལས་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། རྒྱལ་ཁབ་དེ་བས་མང་བས་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་ཐོག་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཁྲོད་ཕྱོགས་ཁག་དང་གཉིས་རྒྱལ་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། མིག་སྔའི་ཞིང་ལས་དོན་ཐད་ཀྱི་སྙན་ཞུ་གསན་ནས། ཞིང་ལས་རྨང་གཞི་བརྟན་གཏོང་དང་། ཞིང་ཞོར་ཐོན་རྫས་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་། རིན་གོང་བརྟན་གཏོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ཀྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་པ་དང་།