ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་དུ་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་པོ་མངོན་འགྱུར་བྱུང་བ།

2019-11-07 16:53:40     责编:nake

  ཟླ་11པའི་ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་མཐུན་སྦྱོར་པའི་བདེན་དཔང་དང་། ཀྲུང་གོའི་མི་ལུས་དབང་པོ་ཞལ་འདེབས་དོ་དམ་ལྟེ་གནས་དང་ཁྲུང་ཆིན་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་འགོ་ཁྲིད་དང་དེ་བཞིན་ཆེད་མཁས་པའི་ཞིབ་ཕྲའི་མཛུབ་ཁྲིད་འོག་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་མཚོ་སྔོན་ཞིང་ཆེན་གྱི་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་པོ་མངོན་འགྱུར་བྱུང་བ་རེད། མཚོ་སྔོན་གྱི་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་བོ་དེས་རང་རྒྱལ་གྱི་མི་ལུས་དབང་པོ་ཞལ་འདེབས་ཀྱི་ཆེས་མཐའ་མཇུག་གི་སྟོང་ཆ་བསྐངས་ཡོད།

  དབང་པོ་ཞལ་འདེབས་འབུལ་མཁན་ཅང་ཏུང་ལིན་ད་ལོ་ལོ་57ལ་སླེབས་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་བཟོ་བ་དཀྱུས་མ་ཞིག་རེད། ད་ལོའི་ཟླ་5པར་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་དང་བླངས་པར་ཐོ་འགོད་བྱས་ཡོད། ཟླ་11ཚེས་3ཉིན་ཁོང་ལ་གློ་བུར་དུ་ཀླད་ཁྲག་ཐོན་པའི་རྐྱེན་གྱིས་ཁྱིམ་མི་དང་གྲོགས་པོ་ཚོས་མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པས་ཁྱིམ་མིས་ཁོང་གི་དབང་པོ་ཞལ་འདེབས་ཕུལ་ནས་མི་གཞན་ལ་སྨན་བཅོས་བྱས་ཏེ། “གཉེན་ཉེ་ཁོ་རང་རྣམ་པ་གཞན་ཞིག་ལ་བརྟེན་ནས་འཇིག་རྟེན་དུ་འཚོ་བའི”འདོད་བློ་བསྐངས་ཡོད།

  མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་འཕྲལ་དུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་འབྲེལ་བ་བྱས་པ་དང་། པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་ལ་མི་ལུས་དབང་པོ་ཞལ་འདེབས་ཀྱིOPOསྨན་པ་དང་མཐུན་སྦྱོར་པ་བདམས་ནས་བདེན་དཔང་བྱ་རྒྱུའི་རེ་ཞུ་བྱས་པར་རྒྱ་གྲམ་དམར་པོ་ཚོགས་པ་དང་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། “ང་ཚོས་ཅང་ཏུང་ལིན་གྱི་ཀླད་པའི་ནད་གཞིར་དཔྱད་དཔོག་ཐེངས་མང་བྱས་ཀྱང་སྐྱོབ་བཅོས་བྱེད་ཐབས་བྲལ་བས། ཁོང་གི་དབང་པོའི་རྣམ་པ་བཟང་ཞིང་དབང་པོ་ཞལ་འདེབས་འབུལ་བའི་ཆ་རྐྱེན་དང་མཐུན།”ཅེས་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྥན་ཧའེ་ཉིང་གིས་བཤད།

  ཟླ11པའི་ཚེས5ཉིན་གྱི་སྔ་དྲོར། ཅང་ཏུང་ལིན་ཀླད་ནད་ཀྱིས་ཤི་བར་ཐག་བཅད། དེའི་རྗེས་ཀྱི་དབང་པོ་ལེན་པའི་གཤགས་བཅོས་ཁྲོད་མཆིན་པ་གཅིག་དང་། མཁལ་མ་གཉིས། ཟུར་སྐྱི་ཆ་གཅིག་བཅས་ཀྲུང་གོའི་དབང་པོ་བགོ་བཤའ་དང་མཉམ་སྤྱོད་མ་ལག(CORTS)མཐུན་སྦྱོར་བྱས་རྗེས། ཅང་ཏུང་ལིན་གྱིས་ཞལ་འདེབས་ཕུལ་བའི་མཆིན་པ་དང་མིག་སྐྱི་གཉིས་འཕྲལ་མར་པེ་ཅིང་དང་། མཁལ་མ་གཉིས་ཧྲང་ཧའེ་རུ་འཁྱེར་ནས་དེ་དག་གིས་མ་མཐར་ཡང་ནད་པ་5ལ་རོགས་སྐྱོར་ཐོབ་སྲིད།

  མཚོ་སྔོན་དུ་དབང་པོ་ཞལ་འདེབས་ཕུལ་བའི་སྔོན་དཔེ་མེད་ཀྱང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མཐུན་སྦྱོར་ཤུགས་ཆེན་འོག་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣའི་མཐུན་སྦྱོར་འོག དབང་པོའི་སྐྱེལ་འདྲེན་ཐད“ལྗང་མདོག་བགྲོད་ལམ”བཏོད་ཅིང་། ཟི་ལིང་གྲོང་ཁྱེར་པུར་ཁང་གིས་ཅང་ཏུང་ལིན་གྱི་དུར་འཇུག་འགྲོ་གྲོན་ཚང་མ་མེད་པར་བཟོས་པ་དང་ཅང་ཏུང་ལིན་གྱི་རུས་མིང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མི་ལུས་དབང་པོ་ཞལ་འདེབས་ཕུལ་ནས་གཅེས་སེམས་མཚོན་པའི་དྲན་གསོ་གླིང་གི་བང་སོའི་རྡོ་རིང་ཐོག་བརྐོས་ཡོད་པ་རེད།

  ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣས་ཞལ་འདེབས་རྗེས་ཀྱི་བྱ་རིམ་ཚར་རྗེས་འཕྲལ་དུ་པུར་ཁང་དུ་བསྐྱོད་ནས་ཞལ་འདེབས་འབུལ་མཁན་གྱི་ཁྱིམ་མི་དང་མཉམ་དུ་ཅང་ཏུང་ལིན་ལ་མཐའ་མའི་ཞལ་གྱེས་བྱས་པ་དེའི་ཐོག་ནས་སྤྱི་ཚོགས་ཡོངས་དང་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་འབུལ་མཁན་དང་དེའི་ནང་མིར་བརྩི་འཇོག་དང་མི་ཆོས་ཀྱི་ཐུགས་ཁུར་གནང་བ་མཚོན་ཡོད།

  མཚོ་སྔོན་གྱི་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་པོ་དེས་མཚོ་བོད་ས་མཐོའི་དབང་པོ་ཞལ་འདེབས་འབུལ་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། མཚོ་སྔོན་དུ་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་དོན་སྙིང་ཧ་ཅང་ཟབ་མོ་ལྡན་པ་སྟེ། གཅིག་ནི་ཞལ་འདེབས་འབུལ་མཁན་དང་དེ་བཞིན་ཁྱིམ་མིས་གཞན་ཕན་གྱི་འདུན་པ་མངོན་འགྱུར་བྱུང་བ་དང་། དབང་པོ་ཉམས་པའི་ནད་པར་ཚེ་སྲོག་རྒྱུན་མཐུད་ཐུབ་པའི་རེ་བ་དེ་ནི“ཚེ་སྲོག་གི་རྒྱུན་མཐུད”ཅིག་ཡིན་པ་རེད། གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི་མི་ལུས་དབང་པོ་སྤོར་འཇུག་གི་རྩེར་སོན་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་སླེབས་པ་མཚོན། གསུམ་ནས“མི་ཆོས་དང་། བྱམས་བརྩེ། ལེགས་སྐྱེས”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད། བཞི་ནི“གཅིག་བཟང་གཉིས་མཐོ”ལ་སྐུལ་འདེད་བཏང་ནས་དེ་བས་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

中央广播电视总台 央广网 版权所有

མཚོ་སྔོན་ཞིང་ཆེན་དུ་མི་ལུས་དབང་པོ་ཞལ་འདེབས་འབུལ་ཐེངས་དང་པོ་མངོན་འགྱུར་བྱུང་བ།

ཟླ་11པའི་ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག་མཚོ་སྔདབང་པོ་ཞལ་འདེབས་འབུལ་མཁན་ཅང་ཏུང་ལིན་ད་ལོ་ལོ་57ལ་སླ