ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཕ་ཁུ་སི་ཐན་གྱི་ཙུང་ལིས་ཀྲུང་གོར་འཚམས་འདྲིར་གནང་བར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་དང་། རྒྱལ་ཁབ་གཉིས་པོའི་ཙུང་ལིས་མཇལ་འཕྲད་གནང་བ།

2019-10-09 09:32:00     责编:卓玛才让

སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པར་ཕེབས་པ་མ་ཟད་ལས་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཁུ་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་མཇལ་མོལ་གནང་བ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཕ་ཁུ་སི་ཐན་གཉིས་ནི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡིན་པ་དང་། ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་མཛའ་གྲོགས་ལ་སྲ་བརྟན་གྱི་རྨང་གཞི་ལྡན་ཡོད་པས་ཟུར་སྣོན་ཆ་རྐྱེན་གང་འདྲ་ཞིག་ཀྱང་དགོས་ཀྱི་མེད་ལ། ཕྱོགས་གསུམ་པ་གང་འདྲ་ཞིག་ལའང་དམིགས་པ་ཞིག་མིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་སྐུ་ཞབས་ཙུང་ལིས་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བར་ཚད་མཐོའི་མཐོང་ཆེན་ཞུ་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཁྱེད་དང་མཇལ་འཕྲད་གནང་རྒྱུ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་པའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་འབྲེལ་བའི་སྔོན་འགྲོའི་ཁ་ཕྱོགས་སུ་འཇོག་བཞིན་པ་དང་། བློ་བརྟན་འགྱུར་མེད་སྒོ་ནས་ཕ་ཁུ་སི་ཐན་ཕྱོགས་ནས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་། ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཕ་ཁུ་སི་ཐན་ཕྱོགས་ནས་རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ཞུ་རྒྱུ། ཕ་ཁུ་སི་ཐན་ཕྱོགས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་དུ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་བཅས་ཡིན། ང་ཚོས་ཕ་ཁུ་སི་ཐན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་དང་།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཕ་ཁུ་སི་ཐན་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོགས་ཡོད། ཕ་ཁུ་སི་ཐན་དཔལ་འབྱོར་ཐད་ཀྱི་དཀའ་གནད་ཆེ་བའི་དུས་སྐབས་ལས་གྲོལ་བར་ཀྲུང་གོ་དགའ་ཚོར་ཆེན་པོ་བྱུང་། ཕ་ཁུ་སི་ཐན་ཕྱོགས་ལ་མུ་མཐུད་དེ་རང་ནུས་གང་ལྕོགས་ཀྱི་རོགས་རམ་ཞུ་འདོད་ཡོད། ང་ཚོས་ཕ་ཁུ་སི་ཐན་ཕྱོགས་དང་གོང་འཕེལ་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཕ་ཁུ་སི་ཐན་དཔལ་འབྱོར་ཁྱམ་རིང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་བར་མུ་མཐུད་དེ་སྐུལ་འདེད་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་དང་དཔལ་འབྱོར་ཉོ་ཚོང་། ནོར་སྲིད་དང་དངུལ་རྩ། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བྱེད་ཐབས་ནུས་ལྡན་བཟུང་སྟེ་ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་ཉོ་ཚོང་དེ་བས་དོ་སྙོམས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཕ་ཁུ་སི་ཐན་དུ་ཡོད་པའི་ཀྲུང་གོའི་མ་རྩའི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམརྒྱལ་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

དབྱི་མུའུ་ལན་ཧན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཁོང་གིས། ཀྲུང་གོའི་རོགས་རམ་དང་རྒྱབ་སྐྱོར་ཐོབ་པའི་འོག་ལ་ཕ་ཁུ་སི་ཐན་གྱི་དཔལ་འབྱོར་མིག་སྔའི་ཆར་བརྟན་ལྷིང་བྱུང་བ་མ་ཟད་རིམ་བཞིན་སླར་གསོ་ཡོང་མུས་ཡིན། འདིའི་ཐོག་ནས་པ་ཀྲུང་བར་གྱི་སྲ་ཞིང་བརྟན་པའི་ཁྱོན་ཡོངས་མཛའ་གྲོགས་མཚོན་པར་བྱས་ཡོད། ཕ་ཁུ་སི་ཐན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་གཏོང་འདོད་ཡོད་ལ། ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་དཔལ་འབྱོར་ཁྱམ་རིང་དང་ཀུའོ་ཏར་གྲུ་ཁའི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ། ཀྲུང་གོའི་ཕྱོགས་དང་ཉོ་ཚོང་མ་འཇོག་གཞི་ཁྱོན་རྒྱ་སྐྱེད་དུ་གཏོང་རྒྱུ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཕྱོགས་གཉིས་འབྲེལ་བར་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཁྲིམས་འཛིན་བདེ་འཇགས། རིག་གནས། སློབ་གསོ། སྨྱན་སྦྱོར་སོགས་ཕྱོགས་གཉིས་མཉམ་ལས་གྲོས་ཆོད་མང་པོ་ཞིག་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

མཇལ་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ཐོག་ཏུ་དབྱི་མུའུ་ལན་ཧན་ལ་དགའ་བསུ་ཞུ་བའི་མཛའ་སྒོ་གཉེར་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有