མཇིང་ཚིཌ་ཀྱི་ཉེན་གནས་ལ་འཕུར་མཉེད་གཏོང་མི་ཉན།
བརྙན་འཕྲིན་དང་། ལག་ཐོགས་ཁ་པར། གློག་ཀླད་ལ་སོགས་གློག་རྡུལ་ཐོན་རྫས་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། མི་མང་པོ་ཞིག་མགོ་བོ་སྒུར་ནས་སྡོད་ཡུན་རིང་དྲགས་པའམ་ཡང་ན་འཕོངས་རྐུབ་བཙུགས་ནས་སྡོད་ཡུན་རིང་དྲགས་པའི་དབང་གིས་མཇིང་ཚིགས་ལ་ན་ཟུག་གཏོང་གི་ཡོད། དེ་རྗེས་མཇིང་ཚིགས་ན་བའི་འཆིང་ཐག་ལས་འབྲལ་བའི་ཕྱིར་ཐབས་ཤེས་གང་ཡོད་སྤྱད་ནས་མཇིང་པ་འཕུར་ཞིང་མཉེད་པར་བྱེད་ཀྱི་ཡོད།
འོ་ན། མཇིང་པ་ན་དུས་འཕུར་མཉེད་གཏོང་ཆོག་གམ། མཇིང་པར་འཕུར་མཉེད་ཤུགས་ཆེན་བཏང་ན་མཇིང་ཚིགས་ལ་གནོད་སྐྱོན་བཟོ་སྲིད་དམ། ད་དུང་འགུལ་སྐྱོད་གང་དག་བྱས་ན་མཇིང་པའི་ན་ཟུག་ཞི་ལྷོད་དུ་གཏོང་ཐུབ་བམ་ཞེ་ན། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཁྲའོ་དབྱང་སྨན་ཁང་ལུས་རྩལ་གསོ་རིག་ཕྱི་བཅོས་ཚན་ཁག་དང་། དྲག་སྐྱེད་གསོ་རིག་ཚན་ཁག་གི་འབུམ་རམས་སྨན་པ་ཧུའུ་པོ་ཡིས་དེའི་ཐད་ལ་ངོ་སྤྲོད་གནང་བ་གཤམ་གསལ།

མཇིང་ཚིགས་ཀྱི་ཉེན་གནས་འདི་དག་ལ་འཕུར་མཉེད་གཏོང་མི་ཉན།
མཇིང་པ་ནི་སྙིང་དང་ཀླད་པ་སྦྲེལ་བའི་ཁྲག་མཁོ་འདོན་བྱེད་པའི་རྒྱུ་ལམ་ཞིག་ཡིན་ཞིང་། དེའི་སྐྱེ་ལུགས་གྲུབ་ཚུལ་ཅུང་ཉག་ཕྲ་བ་ཡིན། མིའི་ལུས་ཁམས་ཀྱི་ཀླད་པར་ཁྲག་མཁོ་འདོན་བྱེད་པ་དེ་མཇིང་པའི་འཕར་རྩ་དང་སྒལ་ཚིགས་ཀྱི་འཕར་རྩ་གཉིས་ལ་བརྟེན་དགོས་ཀྱི་ཡོད་ཅིང་། ཁྲག་རྒྱུན་ཚང་མ་མཇིང་པ་བརྒྱུད་ནས་འགྲོ་ཡི་ཡོད། མཇིང་པའི་ཁྲག་རྩའི་གནས་ངོས་སྲབ་ལ་ཅུང་མཐུག་པའི་རུས་པའི་ཤ་གནད་ཀྱི་སྲུང་སྐྱོབ་མེད་པས་ཕྱི་ཤུགས་ཐེག་པའི་ནུས་པ་ཞན། དེར་བརྟེན་མཇིང་པའི་ཉེན་གནས་མང་པོ་ཞིག་ལ་གང་བྱུང་དུ་འཕུར་མཉེད་གཏོང་མི་རུང་།
●ཐོག་མར་མཇིང་པའི་འཕར་རྩ་དང་སྒལ་ཚིགས་ཀྱི་འཕར་རྩའི་ཁྱབ་ཁོངས་གཉིས་ལ་འཕུར་མཉེད་ཤུགས་ཆེན་པོ་གཏོང་མི་རུང་།
●སྒྲོག་རུས་འོག་གི་ཁྲག་རྩའི་ཁྱབ་ཁོངས་ལའང་འཕུར་མཉེད་ལུགས་མཐུན་མ་བྱུང་ན་མགོ་ཡུ་འཁོར་བ་དང་ལག་པ་སྦྲིད་སྲིད་པ་མ་ཟད། ཐ་ན་ཁྲག་རྩར་སྐྱོན་ཡང་ཤོར་སྲིད།
●མཇིང་པའི་གཞོགས་གཉིས་ཀྱི་མདུན་དང་། ཨོལ་མདུད་གཡས་གཡོན་དུ་ཚོར་བྱེད་དབང་པོ་རེ་ཡོད་པ་དེར་མཇིང་པའི་འཕར་རྩའི་ཀོང་བུ་ཟེར་གྱི་ཡོད། དེ་ནི་མིའི་ལུས་པོའི་ཁྲག་ཤེད་དང་སྙིང་འཕར་སྙོམས་སྒྲིག་བྱེད་པའི་དབང་པོ་ཞིག་ཡིན་ཞིང་། འཕུར་མཉེད་བཏང་རྗེས་སྙིང་གི་འཕར་ཚད་དལ་དུ་འགྲོ་བ་དང་། ཐ་ན་གློ་བུར་དུ་སྙིང་གི་འཕར་མཚམས་ཆད་སྲིད།

འཕུར་མཉེད་ཤུགས་ཆེན་བཏང་ན་མཇིང་པར་སྐྱོན་ཤོར་སྲིད་པའི་གཏམ་དེ་གཟུགས་མེད་གྲིབ་བཟོ་བྱས་པ་ཞིག་གཏན་ནས་མིན། གལ་སྲིད་མཇིང་པ་དང་། དཔུང་པ། རྐང་པ་བཅས་ལ་རྒྱུན་མཐུད་ནས་ན་ཟུག་གཏོང་བ་དང་། ལག་མཛུབ་སྦྲིད་པ་དང་ལག་ཤུགས་ཆུང་དུ་ཕྱིན་པ། གོམ་པ་བརྟན་པོ་སྤོ་མི་ཐུབ་པར་སྲིང་བལ་ཐོག་སྐྱོད་པ་ལྟ་བུའི་ཚོར་སྣང་བྱུང་ ཚེ། རྒྱུངས་པ་དང་དབང་རྩར་གནོན་ཤུགས་ཐེབས་པར་དོགས་འཆར་སྐྱེས་ནས་སྔ་ཙམ་ སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་དགོས་པ་ལས། ནད་གཞི་གཏན་ཁེལ་མ་བྱས་པའི་སྔོན་ལ་གང་བྱུང་དུ་འཕུར་མཉེད་བཏང་ན་ནད་གཞི་ལྕི་རུ་འགྲོ་བ་དང་རུས་ཚིགས་ལ་སྐྱོན་ཤོར་བའི་ཉེན་ཁ་ཡོད།

འཕུར་མཉེད་བཏང་རྗེས་མཇིང་པ་མི་བདེ་བ་བྱུང་ན་གང་འདྲ་བྱེད་དགོས།
གལ་ཏེ་མཇིང་པར་འཕུར་མཉེད་བཏང་རྗེས་གཟབ་གཟབ་མ་བྱས་པར་རྨས་སྐྱོན་ཕོག་ན་རང་འགུལ་ངང་སྐེ་གཅུ་མི་རུང་ལ། གྲང་དུགས་དང་ཚ་དུགས་རྒྱག་པའམ་ཡང་ན་ན་ཟུག་གཅོག་པའི་སྨན་བཏང་ནས་ནད་རྟགས་འགེབས་མི་རུང་ཞིང་།སྨན་ཁང་དུ་མ་བསྐྱོད་གོང་གི་མྱུར་སྐྱོབ་བྱ་ཐབས་ཡག་ཤོས་ནི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་དགོས་པ་དེ་ཡིན།
●ཆ་རྐྱེན་ཡོད་ན་མྱུར་དུ་རྨས་མར་མཇིང་སྐྱོར་འདོགས་དགོས། སྐབས་འདིར་རྨས་སྐྱོན་ཚབས་ཆེ་རུ་མི་འགྲོ་བའི་ཆེད་དུ་རྨས་མའི་མགོ་བོ་གཅུས་པ་དང་། སྒུར་བ། དགྱེ་བ་སོགས་བྱེད་དུ་འཇུག་མི་རུང་།
●མཇིང་སྐྱོར་མེད་ན། རྨས་མའི་མགོ་དང་ལུས་པོ་ལྟོས་བཅས་ཀྱིས་འགུལ་སྐྱོད་མེད་པར་གནས་པའི་གནས་ཚུལ་འོག་མྱུར་སྐྱོབ་བྱེད་པར་སྒུག་དགོས། གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ན། མགོ་བོའི་གཞོགས་གཉིས་སུ་སྔས་མགོ་བཞག་ནས་སྐེ་བརྟན་པོར་གནས་ཐབས་བྱེད་དགོས།
མཇིང་ཚིགས་མི་བདེ་ན་ཁྱིམ་དུ་ཇི་ལྟར་བཅོས་ཐབས་བྱེད་དགོས།
མཇིང་ཚིགས་མི་བདེ་བའི་མི་ཚོགས་ཀྱིས་སྔོན་ལ་སྨན་ཁང་དུ་སོང་ནས་མཇིང་ཚིགས་མཁར་མཚམས་འབུར་ཐོན་ནད་ཡོད་མེད་དང་། མཇིང་ཚིགས་དང་སྒལ་ཚིགས་ཀྱི་རིམ་པ་གཏན་འཇགས་ཡིན་མིན་གསལ་པོ་ཤེས་པ་བྱེད་དགོས། གལ་ཏེ་ངལ་དུབ་དབང་གིས་ཤ་གནད་མི་བདེ་བ་ཙམ་གྱི་གནས་ཚུལ་ཡིན་ན། སྟབས་བདེའི་འགུལ་སྐྱོད་ལ་བརྟེན་ནས་མི་བདེ་བའི་ནད་རྟགས་ཞི་ལྷོད་དུ་གཏོང་ཆོག
■ མགོ་བོ་འགུལ་བའི་ལུས་རྩལ།
མགོ་བོ་འཕྲེད་དུ་གཡུག་པ་དང་། གྱེན་དུ་དགྱེ་བ། གཡས་གཡོན་དུ་གཡུག་པ་སོགས་བྱས་ན་མཇིང་ཚིགས་མཁྲེག་རེངས་ཆགས་པ་ཞི་ལྷོད་དུ་གཏོང་ཐུབ།

■ དཔུང་པ་རྒྱབ་མདུན་དུ་བསྐོར་བའི་ལུས་རྩལ།
དཔུང་པ་མདུན་ནས་རྒྱབ་དང་རྒྱབ་ནས་མདུན་དུ་བསྐོར་བའི་ལུས་རྩལ་རྩེད་ན་དཔུང་པ་དང་མཇིང་པ་གཉིས་ཀར་ཕན་ཐོགས་ཡོད།
■ དཔུང་རྒྱབ་འཐེན་པའི་ལུས་རྩལ།
ལག་པ་གཅིག་བྲང་གཞུང་གི་མདུན་ཕྱོགས་སུ་དྲང་ཐད་དུ་བསྲིངས་པ་དེ་ལག་པ་གཞན་དེའི་གྲུ་མོས་བར་དུ་བཙིར་ནས་གཡས་གཡོན་གཉིས་སུ་བརྗེ་རེས་བྱས་ནས་འཐེན་དགོས།

དྲན་སྐུལ་ཞུ་རྒྱུར་ལུས་རྩལ་ཚང་མ་ན་ཟུག་མེད་པ་དང་། མགོ་ཡུ་མ་འཁོར་བ། སྐྱུག་མེར་མ་ལངས་པ་བཅས་ཀྱི་གནས་ཚུལ་འོག་ལེགས་འགྲུབ་བྱེད་དགོས་ཤིང་། མགྱོགས་པོ་དང་ཤུགས་ཆེན་པོ་རྩེ་རྒྱུ་མེད་པར་ལུས་ཁམས་ཀྱི་དབུགས་གཏོང་སྟངས་དང་ཟུང་འབྲེལ་ཡག་པོ་བྱས་ནས་རང་གི་ནུས་པས་ལྕོགས་ཚོད་ཀྱིས་བྱེད་དགོས་པ་ལས། ཨུ་ཚུགས་མཐའ་སྐྱེལ་གྱིས་ཚད་ལས་འདས་པ་བྱེད་རྒྱུ་མེད་དོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















