རྐང་འཁོར་བཞོན་ན་གཟུགས་པོར་ཕན་ཐོགས་ཆེ།
མི་ཁག་གཅིག་རྐང་འཁོར་བཞོན་རྒྱུར་དགའ་པོ་མེད་ཅིང་། རྐང་འཁོར་བཞོན་ན་པུས་མོར་གནོད་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད། དོན་དངོས་ཐོག་རུས་ནད་ཚན་ཁག་གི་སྨན་པའི་མིག་ནང་དུ། རྐང་འཁོར་བཞོན་པ་ནི་པུས་མོར་ཕན་ཐོགས་ཡོད་པའི་ལུས་རྩལ་རྣམ་གྲངས་བཟང་པོ་ཞིག་ཏུ་མཐོང་གི་ཡོད།
ཨ་ཅང་ཅང་། རྐང་འཁོར་བཞོན་ན་གཅིག་ནས་གཟུགས་པོར་སྦྱོང་བརྡར་ཐེབས་པ་དང་། གཉིས་ནས་མཁའ་རླུང་སོས་པ་ལོངས་སུ་སྤྱོད་ཐུབ་པ། གསུམ་ནས་ལམ་བར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་སེམས་ཀྱི་གནོན་ཤུགས་སེལ་ཐུབ་པ། གཞན་ད་དུང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་ཐོན་པ་བཅས་ཡིན།
རྐང་འཁོར་གཞོན་པ་ནི་པུས་མོར་ཕན་པའི་ལུས་རྩལ་ཞིག་ཡིན།
ཤི་ཨན་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་གཉིས་པའི་རུས་ནད་ཚན་ཁག་གི་འབུམ་རམས་སྨན་པ་ཀྲང་པིང་གིས། ཚན་རིག་དང་མཐུན་པའི་ངང་རྐང་འཁོར་བཞོན་ཚེ་པུས་མོར་རྨས་སྐྱོན་མི་ཕོག་པ་མ་ཟད། དེ་ལས་ལྡོག་སྟེ་པུས་ཚིགས་བདག་སྐྱོང་ལ་ཧ་ཅང་ཕན་པའི་ལུས་རྩལ་རྣམ་གྲངས་རྩེ་གྲ་ཞིག་རེད་ཅེས་གསུངས།
■ དེ་ནི་ཕོག་ཐུག་ཆུང་བའི་ལུས་རྩལ་ཞིག་རེད།
རྒྱུག་ཤར་གློད་པ་དང་ཐག་མཆོང་རྒྱག་པ་སོགས་ཀྱི་ལུས་རྩལ་དང་བསྡུར་ན། རྐང་འཁོར་བཞོན་དུས་གློ་བུར་བའི་བརྡབ་ཤུགས་དབེན་པས་པུས་མོའི་ཕྲུམ་རུས་ལ་རྨས་སྐྱོན་ཆེན་པོ་ཐེབས་མི་སྲིད། འགུལ་སྐྱོད་གསོ་རིག་ཞིབ་འཇུག་མི་སྣས་ཚོད་རྩིས་བྱས་པར་གཞིགས་ན། ལམ་ངོས་སྙོམས་པོ་དང་འབྲིང་རིམ་འགོག་ཤུགས་འོག་ཚན་རིག་དང་མཐུན་པའི་སྒོ་ནས་རྐང་འཁོར་བཞོན་ན་པུས་མོར་ཤུགས་ཐེབས་ཚད་སྤྱིར་བཏང་བྱས་ན་གཟུགས་པོའི་ལྗིད་ཚད་ཀྱི་ལྡབ་0.5ནས་1.6བར་ཡིན་པ་དང་། ལུས་རྩལ་གཞན་དག་གིས་པུས་མོར་ཤུགས་ཐེབས་ཚད་ནི་དཔེར་ན།
●གོམ་པ་སྤོ་དུས། གཟུགས་པོའི་ལྗིད་ཚད་ཀྱི་ལྡབ་2.5ནས་2.8བར་ཡིན།
●ཀོར་ཧྥུ་སྤོ་ལོ་རྩེ་དུས། གཟུགས་པོའི་ལྗིད་ཚད་ཀྱི་ལྡབ་3ཡན་ཡིན།
●ཝང་ཆིའུ་སྤོ་ལོ་རྩེ་དུས། གཟུགས་པོའི་ལྗིད་ཚད་ཀྱི་ལྡབ་4ཡས་མས་ཡིན།
●ཙོག་པུར་སྡོད་དུས། གཟུགས་པོའི་ལྗིད་ཚད་ཀྱི་ལྡབ་5ཡིན།

■ དེས་རྐང་པའི་ཤ་གནད་ལ་སྦྱོང་བརྡར་སྤྲོད་ཐུབ།
རྐང་འཁོར་བཞོན་པའི་བརྒྱུད་རིམ་ཁྲོད་བརླ་ཤའི་རྒྱབ་མདུན་གྱི་ཤ་གནད་ཚང་མའི་སྟོབས་ཤུགས་ཆེ་རུ་འགྲོ་ཐུབ་ཅིང་། ཤ་གནད་དེ་ཚོ་ནི་པུས་མོའི་རང་བྱུང་གི་ཡོམ་འགོག་ཡོ་ཆས་ཤིག་དང་འདྲ་བས། ཤ་གནད་ལ་ཤུགས་སླེབས་ན་པུས་མོ་ཡང་ཐང་པོ་བྱུང་ངེས།
མི་འགའ་ཤས་རྐང་འཁོར་བཞོན་དུས་པུས་མོ་ན་བའི་རྒྱུ་མཚན་གཙོ་བོ་ནི།
①རྐུབ་སྟེགས་དམའ་དྲགས་པ་དང་།
②འགོག་ཤུགས་ཆེ་དྲགས་པ།
③རྐང་པས་རྐང་འཁོར་བསྐོར་སྟངས་མ་འགྲིག་པ་བཅས་རེད།
རྐང་འཁོར་བཞོན་པ་རྒྱུན་འཁྱོངས་བྱས་ན་གཟུགས་པོ་འདྲ་ས་མེད།
པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་དྲག་སྐྱེད་གསོ་རིག་ཚན་ཁག་གི་འབུམ་རམས་སྨན་པ་ཕན་ཡུས་ཀྱིས། རྐང་འཁོར་བཞོན་པ་ནི་གསོ་རླུང་ལྡན་པ་དང་གསོ་རླུང་མེད་པའི་ལུས་རྩལ་ཟུང་དུ་འབྲེལ་བའི་འགུལ་སྐྱོད་རྣམ་པ་ཞིག་ཡིན་པས། ལུས་ཕུང་ཡོངས་ཀྱི་ཁྲག་རྩའི་ནུས་པ་དང་། སྙིང་དང་གློ་བའི་ནུས་པ། ཤ་གནད་དང་རུས་པའི་མ་ལག བརྗེ་ཚབ་མ་ལག་བཅས་ཚང་མར་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས།
■ ཀླད་ཆེན་དེ་བས་བདེ་ཐང་དུ་གྱུར་བ།
ཆོས་ཉིད་དང་མཐུན་པའི་ངང་རྐང་འཁོར་བཞོན་ཚེ། ཀླད་པའི་མཚོ་རྟའི་གཟུགས་བོངས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ནས་དྲན་ཤེས་གསོ་བར་ཕན་ཐོགས་ཡོད།

■ ཁྲག་རྩའི་ནུས་པ་ལེགས་བཅོས་ཐུབ་པ།
རྐང་འཁོར་བཞོན་ན་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་ཕྱིན་ནས་ཁྲག་རྒྱུན་ལ་སྐུལ་འདེད་ཐུབ་སྟེ་ཁྲག་རྩ་རྒྱ་བསྐྱེད་པ་དང་། རང་དབང་རྨང་གི་དབྱང་གཅིག་ཏན་རྫས་གཙང་སེལ་ཐུབ་པ་བཅས་ལ་བརྟེན་ནས་ཁྲག་རྩའི་བྱེད་ལས་ལེགས་བཅོས་ཐུབ་ཀྱི་ཡོད།
■ རུས་པའི་ཤུགས་ཚད་ཆེ་རུ་གཏོང་ཐུབ།
རུས་པར་ལྗིད་ཐེག་གི་ནུས་པ་ལྡན་པ་ཕུད། གཞན་ད་དུང་ཁྲག་བཟོ་བ་དང་ཀལ་གསོག་པའི་ནུས་པ་ལྡན་ཡོད། རྐང་འཁོར་བཞོན་དུས་རུས་པར་འོས་འཚམ་གྱི་ཤུགས་ཐེབས་ནས་ཀལ་རྒྱུ་བསྡུ་ལེན་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་དང་རུས་པའི་ཤུགས་ཆེ་རུ་གཏོང་ཐུབ།
■ ལུས་པོའི་ཚིལ་ལུ་ཞུ་ཐུབ།
རྐང་འཁོར་བཞོན་ན་ལུས་པོའི་བརྗེ་ཚབ་ནུས་པ་དང་། ཚ་ཚད་འཕེལ་ནུས། ཚིལ་ལུ་ཞུ་ནུས་བཅས་ཇེ་ཆེར་འགྲོ་ཡི་ཡོད་ལ། རྐང་འཁོར་བཞོན་ཟིན་རྗེས་ཀྱང་ཕན་འབྲས་དེ་དག་ད་དུང་ཆུ་ཚོད་ཁ་ཤས་རྒྱུན་འཁྱོངས་ཐུབ་ཀྱི་ཡོད།
■ ཚིགས་རྙིང་འགྱུར་འགོག་ཐུབ།
དུས་ཡུན་རིང་པོར་རྐང་འཁོར་བཞོན་ན་རྐང་པའི་བརླ་ཤའི་ཤ་གནད་བཞི་དང་། འཕོངས་ཚོས་ཀྱི་ཤ་གནད། ཉྭ་རིལ་ཀྱི་ཤ་གནད་བཅས་ལ་སྐུལ་སློང་བྱེད་ཐུབ། ཤུགས་དང་ལྡན་པའི་ཤ་གནད་ཀྱིས་རྨས་སྐྱོན་འགོག་ཐུབ་པ་མ་ཟད། རུས་ཚིགས་ལ་སྲུང་སྐྱོབ་ཐུབ་པ་དང་། ཆབས་ཅིག་ཚིགས་རྙིང་འགྱུར་འགོག་ཐུབ།
■ གློ་སྙིང་གི་ནུས་པ་ཆེ་རུ་གཏོང་ཐུབ།
རྐང་འཁོར་བཞོན་དུས་སྙིང་གི་འཕར་ཚད་ལ་འགྱུར་ལྡོག་གང་མང་འགྲོ་བས།རྐང་འཁོར་བཞོན་པ་རྒྱུན་འཁྱོངས་བྱས་ན་སྙིང་ཤའི་འཁུམ་བསྡུ་དེ་བས་ནུས་པ་ལྡན་ཞིང་། གློ་སྙིང་གི་ནུས་པ་ཆེ་རུ་གཏོང་ཐུབ།

■ གཉིད་ལེགས་བཅོས་བྱེད་ཐུབ།
ཨ་རིའི་སི་ཐན་ཧྥུའུ་སློབ་ཆེན་གྱིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཡུན་རིང་འགུལ་སྐྱོད་མེད་པར་ཙོག་པུར་སྡོད་མཁན་གཉིད་མི་ཁུག་པའི་ནད་པས་དུས་ཡུན་སྐར་མ་20ནས་30བར་འོས་འཚམ་གྱིས་རྐང་འཁོར་བཞོན་ན། གཉིད་ཁུག་པའི་དུས་ཚོད་ཆུ་ཚོད་1ཙམ་རིང་དུ་འགྲོ་ཐུབ།
■ སེམས་ཀྱི་གནོན་ཤུགས་ཆུང་དུ་འགྲོ་ཐུབ།
ཨ་རིའི་པའོ་ལིན་ཀེ་ལིན་མངའ་བཙུགས་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར།རྐང་འཁོར་བཞོན་ན་ད་དུང་ཁྲག་དྭངས་རྒྱུ་དང་ཏོ་པ་ཨེན་(多巴胺)གྱི་ཟགས་ཐོན་མང་དུ་འགྲོ་ཐུབ་ཅིང་། རྐང་འཁོར་བཞོན་ནས་སྐར་མ་10སོང་མ་ཐག་སེམས་ཁམས་ལེགས་སུ་ཕྱིན་ནས་གནོན་ཤུགས་ཆུང་དུ་འགྲོ་ཐུབ།
རྐང་འཁོར་བཞོན་སྟངས་འགྲིག་ན་ངལ་དུབ་ཆུང་བ་ཡོད།
སྤྱིར་བཏང་རྐང་འཁོར་བཞོན་ནས་ཆུ་ཚོད་ཕྱེད་ཀ་ཡན་བསྐྱོད་ཚེ་གསོ་རླུང་ལྡན་པའི་ལུས་རྩལ་གྱི་ཕན་འབྲས་བཟང་པོ་ཐོན་ཐུབ་པ་དང་། ཚ་ནུས་ཟད་གྲོན་དེ་རྒྱུག་ཤར་གློད་པ་དང་ཆུ་རྐྱལ་རྒྱག་པ་དང་ཁྱད་པར་མེད། འོན་ཀྱང་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་རྐང་འཁོར་བཞོན་འདོད་ན་གཤམ་གྱི་ཕྱོགས་འགར་མཉམ་འཇོག་བྱེད་དགོས།
1 རྐུབ་སྟེགས་ཀྱི་མཐོ་ཚད་འོས་འཚམ་བཟོ་དགོས།
རྐུབ་སྟེགས་དམའ་དྲགས་ན་པུས་མོ་གུག་གུག་ཤུགས་ཆེན་བྱེད་དགོས་སྟབས། པུས་ཚིགས་ན་སྲིད་པ་དང་། རྐུབ་སྟེགས་མཐོ་དྲགས་ན་སྐེད་མཚམས་དང་སྟོད་སྒལ་ན་སྲིད་པས་རང་ཉིད་ཀྱི་གཟུགས་པོར་འཚམ་པའི་རྐུབ་སྟེགས་ཀྱི་མཐོ་ཚད་བཟོ་དགོས།
2 རྐུབ་སྟེཌ་དང་རྭ་ཅོའི་བར་ཐག་ཡག་པོ་འཇོག་དགོས།
རྐུབ་སྟེགས་དང་རྭ་ཅོའི་བར་ཐག་རིང་དྲགས་ན། རྐང་འཁོར་བཞོན་པའི་བརྒྱུད་རིམ་ནང་སྒལ་ཚིགས་དང་། རྐེད་ཚིགས། དཔུང་ཚིགས་སོགས་ལ་ཤུགས་རྐྱེན་ཐེབས་ནས་ན་ཟུག་གཏོང་བ་དང་རྨས་སྐྱོན་ཕོག་སླ། གལ་ཏེ་བར་ཐག་ཉེ་དྲགས་ན་པུས་ཚིགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་ནས་པུས་ཚིགས་ལ་རྨས་སྐྱོན་ཕོག་སླ་བ་མ་ཟད། རྐང་པའི་ཤུགས་ཟད་ནས་འགུལ་སྐྱོད་བྱེད་ཚད་ཉུང་དུ་འགྲོ་གི་ཡོད། དེས་ན་རྐང་འཁོར་གྱི་རྐུབ་སྟེགས་དང་རྭ་ཅོའི་བར་གྱི་བར་ཐག་ཡག་ཤོས་བྱུང་ན་ཁྲུ་གང་དང་ཁུ་ཚུར་གཅིག་འཇོག་དགོས།

3 ཡང་དག་པའི་སྡོད་སྟངས་རྒྱུན་འཁྱོངས་བྱེད་དགོས།
རྐང་འཁོར་བཞོན་སྐབས་ལུས་པོ་ཅུང་ཟད་མདུན་དུ་ཕྱོགས་པ་དང་། དཔུང་པ་གཉིས་འདྲོང་པོར་བརྐྱངས་བ། གྲོད་ཁོག་བསྡམས་པ། གྲོད་ཁོག་ནས་དབུགས་གཏོང་སྟངས་སྤྱོད་པ། པུས་མོ་དང་དཔྱི་ཚིགས་གཉིས་གཞོགས་འདེགས་ཡག་པོ་བྱེད་དགོས་པ་བཅས་དང་། གཞན་ད་དུང་རྐང་འཁོར་གཏོང་བའི་འཁོར་འགྲོས་དང་བསྟུན་གང་ཐུབ་བྱེད་དགོས།
4 མྱུར་ཚད་མགྱོགས་དྲགས་རྒྱུ་མེད།
པེ་ཅིང་ལུས་རྩལ་སློབ་ཆེན་ལུས་ནུས་སྦྱོང་བརྡར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཝུའེ་ཡིས། མི་ཚང་མའི་གཟུགས་གཞིའི་གནས་ཚུལ་མི་འདྲ་བས་རྐང་འཁོར་བཞོན་པའི་མྱུར་ཚད་ལ་གཅིག་གྱུར་གྱི་ཚད་གཞི་མེད། སྤྱིར་བཏང་གི་གནས་ཚུལ་འོག་རང་གི་གཟུགས་པོའི་སྙིང་གི་འཕར་ཚད་ལ་གཞིགས་ནས་རྐང་འཁོར་གཏོང་བའི་མྱུར་ཚད་ལ་ཚོད་འཛིན་བྱེད་དགོས་ཞེས་གསུངས།
5 སྟ་གོན་ལུས་རྩལ་ཡག་པོ་རྩེ་དགོས།
རྐང་འཁོར་མ་བཞོན་གོང་ལ་པུས་མོ་བརྐྱང་བསྐུམ་བྱེད་པ་དང་། རྐང་པ་ཡར་འགྱོགས་པ་སོགས་སྟ་གོན་ལུས་རྩལ་ཡག་པོ་རྩེ་དགོས་ལ། རྐང་འཁོར་བཞོན་ཚར་རྗེས་ཀྱང་རྐང་ལག་འགུལ་སྐྱོད་བྱེད་པ་སོགས་སྟབས་བདེའི་ལུས་རྩལ་ཡང་དག་རྩེ་དགོས།

ཤི་ཨན་ལུས་རྩལ་སློབ་གླིང་གི་ལུས་རྩལ་དང་བདེ་ཐང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀོའུ་པོ་ཡིས་དྲན་སྐུལ་གནང་དོན། རྒྱུན་མཐུད་རྐང་འཁོར་བཞོན་པའི་དུས་ཚོད་རབ་བྱུང་ན་ཆུ་ཚོད་1ཡས་མས་ཚོད་འཛིན་བྱེད་དགོས་ཤིང་། དུས་ཚོད་རིང་དྲགས་ན་སྐྱེས་པའི་མདུན་ཆགས་གཤེར་རྨེན་ལ་གནོད་པ་བཟོ་སྲིད་པ་དང་། བུད་མེད་ཀྱི་གཅིན་ཟགས་མ་ལག་ལའང་གནོད་པ་བཟོ་སྲིད།
གལ་སྲིད་རྐང་འཁོར་བཞོན་ནས་འགྲོ་བའི་སྐབས་སུ་པུས་ཚིགས་ནས་མངོན་གསལ་གྱི་སྒྲ་གྲགས་པ་དང་ན་ཟུག་མངོན་གསལ་དོད་པོ་བཏང་ན། པུས་ཚིགས་དང་མཉེན་པའི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པ་གསལ་བཤད་ཐུབ་པས་དུས་ཐོག་ཏུ་སྨན་པ་བསྟེན་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















