དབྱར་ཁ་ལྟོ་ལྷག་བཟས་ན་ཟས་དུག་ཕོག་པའི་ཉེན་ཁ་ཆེ།
ནམ་དུས་དབྱར་ཁ་ཚ་བ་ཆེ་བ་དང་བཞའ་ཚན་འཕེལ་བས། ཟས་རིགས་ཁག་ཅིག་ངོ་བོ་འགྱུར་སླ་བ་མ་ཟད། འབུ་ཕྲ་ཡང་སྐྱེ་འཕེལ་བྱེད་སླ་པོ་ཡོད། དེ་འདྲ་སོང་ཙང་། ནམ་རྒྱུན་འཚོ་བའི་ཁྲོད་ཁྱེད་ཀྱིས་ཁ་སང་ལུས་པའི་འབྲས་ལྷག་དང་། ཚལ་ལྷག མོག་མོག་ལྷག་མ་སོགས་གང་བྱུང་དུ་ཟོས་ན་ཟས་དུག་ཕོག་ནས་ལུས་ཁམས་བདེ་ཐང་ལ་ཧ་ལས་པའི་གནོད་འཚེ་བཟོ་སྲིད།

འབྲས་ལྷག་ཕོར་པ་གང་གིས་སྲོག་ལ་ཉེན་ཁ་འཕྲད་པ།
ཀོང་ཏུང་ཅང་མོན་གྱི་ལོ་50ལ་སླེབས་པའི་སྐུ་ཞབས་ཁྲེན་ལགས་ཀྱིས་ཉིན་འགའ་ཤས་རིང་གྲང་ཉར་བྱས་པའི་འབྲས་ལྷག་ཕོར་པ་གང་ཡོད་པ་དེ་འབྲས་ཆན་(炒饭)བཟོས་ནས་བཟས་རྗེས། ཡུན་རིང་མ་སོང་བར་གྲོད་པ་ན་བ་དང་། གྲོད་པ་བཤལ་བ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་། སྨན་ཁང་དུ་སླེབས་དུས་ཁོང་དྲན་མེད་དུ་བརྒྱལ་ནས་སྙིང་དང་། མཆིན་པ། མཁལ་མ་སོགས་དོན་སྣོད་ཀྱི་ནུས་པ་ཉམས་འགོ་ཚུགས་ཤིང་། ICUཡི་སྨན་དོན་མི་སྣས་མྱུར་སྐྱོབ་བྱས་པ་བརྒྱུད་སྐུ་ཞབས་ཁྲེན་ལགས་ད་གཟོད་སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་།
བརྟག་དཔྱད་བྱས་པ་བརྒྱུད་སྐུ་ཞབས་ཁྲེན་ལགས་ལ་ཕོག་པ་ནི་ལཱ་དབྱང་མྱུག་ཐུམ་ནར་སྲིན་(蜡样芽胞杆菌)གྱིས་བསླངས་པའི་ཟས་ཁུངས་རང་བཞིན་གྱི་ནད་རིགས་ཤིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།

ལཱ་ཡང་མྱུག་ཐུམ་ནར་སྲིན་གྱི་འབྱུང་བ་དང་དབྱེ་བ།
ལཱ་དབྱང་མྱུག་ཐུམ་ནར་སྲིན་ཞེས་པའི་འབུ་ཕྲ་དེ་རིགས་ནི་ཁང་པའི་ནང་གི་དྲོད་ཚད་འོག་དུས་ཡུན་རིང་པོར་བཞག་པའི་འབྲས་དང་འབྲས་ཆན་ནང་དུ་སྐྱེ་འཕེལ་ཡོང་གི་ཡོད་པར་བརྟེན། དེ་ལས་ཕོག་པའི་ཟས་དུག་ལ་“འབྲས་ཆན་འདུས་ནད་”ཅེས་ཀྱང་འབོད་ཀྱི་ཡོད། དེ་ལ་དབྱེ་ན་སྐྱུག་པ་སྐྱུགས་པའི་རིགས་དང་གྲོད་པ་བཤལ་བའི་རིགས་གཉིས་ཡོད།
● སྐྱུག་པ་སྐྱུགས་པའི་རིགས།
ལཱ་དབྱང་མྱུག་ཐུམ་ནར་སྲིན་ལས་བྱུང་བའི་སྐྱུག་པ་སྐྱུགས་པའི་རིགས་ཀྱི་དུག་རྒྱུ་དེ་འབྲས་དང་། ཐུག་པ། ཞོག་ཁོག་སོགས་སིང་ཕྱེ་རིགས་ཀྱི་ཟས་རིགས་ཁྲོད་འབྱུང་སླ་བ་དང་། 120°Cཡན་གྱི་དྲོད་ཚད་མཐོ་པོའི་འོག་ད་དུང་སྐར་མ་90ཙམ་གསོན་ཐུབ་ཀྱི་ཡོད།
སྐྱུག་པ་སྐྱུགས་པའི་རིགས་ཀྱི་ལཱ་དབྱང་མྱུག་ཐུམ་ནར་སྲིན་གྱིས་དུག་ཕོག་པའི་མངོན་མེད་དུས་ཡུན་ཆུ་ཚོད་0.5ནས་6བར་ཡིན་ཞིང་། ནད་རྟགས་གཙོ་བོ་ནི་ཞེ་མེར་ལངས་པ་དང་། སྐྱུག་པ་སྐྱུགས་པ། ད་དུང་མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པར་ཤུགས་རྐྱེན་ཐེབས་པ། མཆིན་པའི་ཕྲ་ཕུང་ལ་གཏོར་བརླག་ཐེབས་པ། ཐ་ན་དོན་སྣོད་མང་པོ་ཉམས་རྒུད་དུ་འགྲོ་བ་བཅས་ཡིན།
● གྲོད་པ་བཤལ་བའི་རིགས།
ལཱ་དབྱང་མྱུག་ཐུམ་ནར་སྲིན་ལས་བྱུང་བའི་གྲོད་པ་བཤལ་བའི་རིགས་ཀྱི་རྒྱུ་མའི་དུག་རྒྱུ་དེ་45°Cཁྲོད་སྐར་མ་30རིང་ཚ་པོ་བཟོས་པ་དང་། ཡང་ན་56°Cཁྲོད་སྐར་མ་5རིང་ཚ་པོ་བཟོས་ན་དུག་རྒྱུ་མེད་པ་བཟོ་ཐུབ།
གྲོད་པ་བཤལ་བའི་རིགས་ཀྱི་ལཱ་དབྱང་མྱུག་ཐུམ་ནར་སྲིན་གྱིས་དུག་ཕོག་པའི་མངོན་མེད་དུས་ཡུན་ཆུ་ཚོད་2ནས་36བར་ཡིན་ལ། ནད་རྟགས་གཙོ་བོ་ནི་གྲོད་པ་ན་བ་དང་གྲོད་པ་བཤལ་བ་དེ་ཡིན།

དབྱར་དུས་ཟས་རིགས་བདེ་འཇགས་བྱ་སྤྱོད་ཕྱོགས་སྟོན།
1. དབྱར་དུས་ཚ་བ་དང་བཞའ་ཚན་ཆེ་བས། ཞག་ལུས་ལྟོ་ཆས་གང་ཐུབ་ཅི་ཐུབ་ཀྱིས་སྤང་དགོས་པ་མ་ཟད། ལྟོ་ཆས་ཐེངས་གཅིག་ལ་ཉུང་ཙམ་བཟོ་དགོས་པ་དང་། བཟོས་ཚར་མ་ཐག་ལམ་སེང་བཟའ་དགོས།
2. བཟོས་ཟིན་པའི་ལྟོ་ཆས་བཟས་མ་ཚར་ན། སྔོན་ལ་ཟས་རིགས་སོས་ཉར་ཁུག་མ་དང་སོས་ཉར་སྒམ་ནང་བླུགས་དགོས་པ་དང་། དེ་ནས་འཁྱག་སྒམ་ནང་དུ་བཞག་ནས་གྲང་ཉར་བྱས་ཏེ་གང་མགྱོགས་བཟས་ཚར་བ་བྱེད་དགོས། ཞག་ལུས་ཀྱི་ཟ་མ་མ་ཟོས་པའི་སྔོན་ལ་ཚ་པོ་མཐར་ཕྱིན་པ་བཟོས་ཏེ་ཚོས་པོ་ཡོང་བ་བྱེད་དགོས།
3. གློག་རྡིག་(电饭煲)གིས་དྲོད་སྲུང་ཆུ་ཚོད་4ལས་བརྒལ་བའི་ཟ་མ་བཟའ་རྒྱུ་མེད་ཅིང་། དེའི་ནང་འབུ་ཕྲ་འབོར་ཆེན་སྐྱེ་འཕེལ་བྱེད་སྲིད་ལ་ཐ་ན་དུག་རྒྱུ་ཡང་ལྡན་ཡོད།
4. རྒྱུན་དུ་གློག་རྡིག་ལ་གཙང་སྦྲ་བྱེད་སྐབས། རླུང་འགྲོའི་ཁུང་བུ་དང་། དམ་སྦྱར་འགྱིག་སྒོར། གློག་དྲོད་སྡེར་མ་བཅས་གསུམ་ལ་གཙང་སྦྲ་ཡག་པོ་བྱེད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ།
སྒྲིག་སྒྱུར། གངས་ཕྲུག་བློ་རྒྱ།
















