མིག་ལ་སྣང་ཚུལ་འདི་རིགས་བྱུང་དུས་གཟབ་གཟབ་གནང་རོགས།
ནམ་རྒྱུན་འཚོ་བའི་ཁྲོད། མི་ཁག་གཅིག་ལ་མིག་ལས་གློ་བུར་དུ་ཁྲག་དོན་པའི་གནས་ཚུལ་འཕྲད་སྐབས། དེ་ནི་མིག་མཐིལ་ལས་ཁྲག་དོན་པ་ཙམ་ཡིན་པ་ལས། དེས་མིག་ཤེད་ལ་སྤྱིའི་ཆ་ནས་ཤུགས་རྐྱེན་ཐེབས་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེས་ན། མིག་ལ་གནས་ཚུལ་ཇི་ལྟ་བུ་ཞིག་འཕྲད་སྐབས་ང་ཚོས་དུས་ཐོག་ཏུ་སྨན་པ་བསྟེན་དགོས་སམ་ཞེ་ན།
གཅིག མིག་ཤེད་གློ་བུར་དུ་ཉམས་པ་ཡིན་ན་གང་མགྱོགས་སྨན་པ་བསྟེན་དགོས།
མིག་ཤེད་གློ་བུར་དུ་ཉམས་པའི་ནད་རྟགས་ནང་ན་ཟུག་མེད་པའི་མིག་ཤེད་ཉམས་པ་དང་ན་ཟུག་མངོན་གསལ་དོད་པོ་ཡོད་པའི་མིག་ཤེད་ཉམས་པའི་སྣང་ཚུལ་རིགས་གཉིས་ཡོད།

༡ ན་ཟུག་མེད་པར་གློ་བུར་དུ་མིག་ཤེད་ཉམས་པ།
■ མཐོང་བྱེད་དྲ་སྐྱིའི་དཀྱིལ་དབུས་འཕར་རྩ་འགག་པ། དེའི་སྐབས་ནད་པར་སྤྱིའི་ཆ་ནས་ན་ཟུག་གཏོང་གི་མེད་ལ་མི་བདེ་བའི་སྣང་ཚུལ་ཅི་ཡང་མེད། འོན་ཀྱང་དུས་ཐོག་ལ་སྨན་བཅོས་མ་བྱས་ཚེ། མིག་ཤེད་ལ་རྩ་བའི་རང་བཞིན་གྱི་གནོད་སྐྱོན་ཐེབས་སྲིད།
■ མཐོང་བྱེད་དྲ་སྐྱིའི་སྡོད་རྩ་འགག་པ། དེའི་སྐབས་མིག་མཐའ་ནས་ཁྲག་ཐོན་པ་མ་ཟད། ནད་རྟགས་སུ་རྒྱུན་དུ་ན་ཟུག་མེད་པའི་རང་བཞིན་གྱི་མིག་གཅིག་རབ་རིབ་ཏུ་གྱུར་གྱི་ཡོད།
■ མིག་གི་ཤེལ་གཟུགས་སུ་ཁྲག་བསགས་པ། དེའི་ཚབ་མཚོན་རང་བཞིན་གྱི་ནད་རྟགས་ཁྲོད་དུ་ན་ཟུག་མེད་པའི་རང་བཞིན་གྱི་འཕུར་ཙིའི་ནད་ཚུད་པ་དང་། ད་དུང་སྐབས་འགར་འོད་འཚེར་བ་ལྟ་བུའི་འཆར་སྒོ་སྐྱེས་སྲིད།
■ མཐོང་བྱེད་དྲ་སྐྱི་གྱེས་འདོར་དུ་ཕྱིན་པ། ནད་པའི་མཐོང་ལམ་དུ་གློ་བུར་དུ་གཡེང་དངོས་སམ་ནག་ཐིག་གསར་པ་མཐོང་ཞིང་། རྒྱུན་དུ་འོད་འཚེར་བ་ལྟ་བུའི་འཆར་སྒོ་སྐྱེ་བ་ལས་ན་ཟུག་གཏོང་གི་མེད།

༢ ན་ཟུག་ཡོད་པའི་མིག་ཤེད་ཉམས་པ།
■ དོས་དྲག་རང་བཞིན་གྱི་སྔོ་གྲིབ་མིག་ནད་ཕོག་པ། དེའི་སྐབས་སུ་མིག་ཤེད་གློ་བུར་དུ་ཉམས་འགྲོ་བ་དང་། གློག་འོད་ལ་ལྟ་སྐབས་འཇའ་ཚོན་ལྟ་བུའི་ཐིག་རིས་སམ་འོད་སྒོར་མཐོང་བ། མིག་མངོན་གསལ་གྱིས་སྦོས་ནས་ན་ཟུག་གཏོང་གི་ཡོད། ཚབས་ཆེ་བའི་སྐབས་མགོ་ན་བ་དང་། སྐྱུག་མེར་ཡང་སེ་ལངས་པ། སྐྱུག་པ་བསྐྱུགས་པ་སོགས་ཀྱི་ནད་རྟགས་ཐོན་པ་དང་། མང་ཆེ་བ་ས་སྲོད་དང་མཚན་མོའི་དུས་ལ་ནད་ལངས་ཀྱི་ཡོད།
■ མཐོང་བྱེད་དབང་རྩའི་གཉན་ཚད། ནད་འདི་རིགས་ནི་གཙོ་བོ་ལོ་20ནས་ལོ་40བར་གྱི་མིར་ཐོན་བཞིན་ཡོད། ནད་རྟགས་གཙོ་བོ་མིག་ཤེད་ཉམས་པ་དེ་ཡིན།

གཉིས། མིག་ལ་རྨས་སྐྱོན་ཕོག་དུས་གང་མགྱོགས་སྨན་བཅོས་བྱ་དགོས།
༡ འཕྲུལ་ཆས་ཀྱིས་མིག་ལ་རྨས་སྐྱོན་བཟོས་པ།
འཕྲུལ་ཆས་ཀྱིས་མིག་ལ་རྨས་སྐྱོན་བཟོ་དུས། སྔོན་ལ་མིག་གི་མཐའ་འཁོར་གྱི་པགས་པ་སོགས་ལ་རྨས་སྐྱོན་ཐེབས་མིན་དང་ཁྲག་ཐོན་མིན་ཐད་བརྟག་དཔྱད་བྱེད་དགོས། གལ་ཏེ་མིག་མཐར་ཁྲག་ཐོན་ཚེ། དུས་ཐོག་ཏུ་ལག་རས་གཙང་མ་སྤྱད་དེ་རྨ་ཁ་ཤུགས་ཀྱིས་གནོན་དགོས།
༢ རྫས་འགྱུར་རྒྱུ་ཆས་མིག་ལ་རྨས་སྐྱོན་བཟོས་པ།
རྫས་འགྱུར་རྒྱུ་ཆས་མིག་ལ་རྨས་སྐྱོན་བཟོས་ཚེ། ཆུ་གཙང་མས་འཕྲལ་མར་མིག་ལ་ཆུ་བཤལ་གཏོང་དགོས་པ་དང་། དེ་རྗེས་གང་མགྱོགས་སྨན་པ་བསྟེན་དགོས།
དྲན་སྐུལ་ཞུ་རྒྱུར། ནད་པ་མང་ཆེ་བས་རང་ཉིད་ལ་མིག་ནད་ཅི་ཞིག་ཕོག་པ་ཤེས་ཀྱི་མེད་པས། གལ་སྲིད་གློ་བུར་དུ་མིག་ཤེད་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། འཕྲལ་དུ་སྨན་བཅོས་བྱ་དགོས་པ་ཤིན་ཏུ་གལ་ཆེའོ།།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཁའ་སྤྱོད་དབང་མོ།
















