མིག་སྨན་གང་བྱུང་དུ་བེད་སྤྱོད་གཏོང་རྒྱུ་མི་འདུག

རིགས་གཅིག་མཁས་པས། མིག་གི་སྨན་ཆུས་ཚད་གཞི་ངེས་ཅན་ཞིག་གི་ཐོག་མིག་ནད་སྐམ་ཚགས་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ་མོད། འོན་ཀྱང་། མིག་སྨན་གྱི་གྲུབ་ཆར་དོ་སྣང་བྱེད་དགོས་ཤིང་། རུལ་འགོག་སྨན་རྫས་བླུགས་མེད་པའི་མིག་གི་སྨན་ཆུ་བེད་སྤྱོད་བྱས་ནས་མིག་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་གནང་འདུག
པེ་ཅིང་ཐུང་རེན་སྨན་ཁང་མིག་སྐྱི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཧོ་ཡན་གྱིས། མིག་གི་སྨན་ཆུའི་ནང་རུལ་འགོག་སྨན་རྫས་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་དང་། རུལ་འགོག་སྨན་རྫས་སྤྱོད་ཐེངས་མང་དྲགས་ན་མིག་ལ་གནོད་འཚེ་བཟོ་སྲིད། གལ་ཏེ་མིག་ནང་སྨན་ཆུ་བླུགས་རྗེས་ད་དུང་མིག་མི་བདེ་བའི་སྣང་ཚུལ་ལེགས་བཅོས་མ་ཐུབ་ན། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཞིབ་ཚགས་བྱེད་དགོས་པའི་དྲན་སྐུལ་གནང་འདུག

རིགས་གཅིག་མཁས་པས། གལ་ཏེ་མིག་མི་བདེ་བའི་ནད་རྟགས་ཐོན་པ་དཔེར་ན། མིག་ནད་སྐམ་ཚགས་སམ་ཡང་ན་མིག་ལ་ངལ་དུབ་ཀྱི་སྣང་ཚུལ་ཐོན་ཚེ། ནད་རྟགས་དེ་དག་མིག་ནད་ཚན་ཁག་གི་ནད་གཞིར་དངོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པས། ཚད་ལྡན་གྱི་སྨན་ཁང་དུ་བསྐྱོད་དེ་སྨན་བཅོས་བྱས་ནས་ནད་གཞི་སློང་རྐྱེན་འཚོལ་དགོས་པ་དང་། བརྟག་དཔྱད་བྱས་འབྲས་གཞིར་བཟུང་སྨན་བཅོས་ཡག་པོ་བྱེད་དགོས་པ་ལས། མིག་གི་སྨན་ཆུ་གང་བྱུང་དུ་ཉོས་ནས་རང་དགར་བེད་སྤྱོད་གཏོང་མི་རུང་བའི་གྲོས་འགོ་བཏོན་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















