དགུན་དུས་ཀྱི་དྲན་སྐུལ་ཁ་ཚ་དགོས་གཏུགས།
དགུན་དུས་ནི་གློག་གི་གདན་དང་དྲོད་ལེན་གློག་ཆས་བེད་སྤྱོད་གཏོང་མང་བའི་དུས་ཚིགས་ཤིག་རེད། དེར་བརྟེན་སྤྱི་ཚེས་17ཉིན་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། འབྲེལ་ཡོད་འགན་འཁུར་བས་དྲོད་གཏོང་སྒྲིག་ཆས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཤེས་བྱ་ཁྱབ་སྤེལ་དང་དྲན་སྐུལ་ནན་པོ་བྱས་འདུག
དེ་ཡང་འཕྲལ་སྒྲུབ་དོ་དམ་པུའུ་ཧྲེན་དབྱང་མེ་ཟོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝུའུ་ཡིང་གིས། དྲོད་ལེན་གློག་ཆས་ཉོ་སྒྲུབ་བྱེད་སྐབས་ངེས་པར་དུ་“ཚད་གཞི་ནན་པོ་”གསུམ་ལ་དོ་སྣང་བྱེད་དགོས་ཏེ། གཅིག་ནས་“3C”མཚོན་རྟགས་ཡོད་མེད་ལྟ་དགོས། འདི་ནི་དྲོད་ལེན་གློག་ཆས་ཀྱི་“བདེ་འཇགས་ལག་ཁྱེར་”ལྟ་བུ་ཡིན། གཉིས་ནས་གཙོ་བོའི་བདེ་འཇགས་ནུས་པར་ལྟ་དགོས། གསུམ་ནས་ཚད་ལྡན་ཚོང་ཁང་ནས་ཉོ་སྒྲུབ་བྱེད་དགོས།དེ་ལས་ལྡོག་སྟེ། གོང་ཚད་ལ་འཛེམ་ནས་ལམ་ཟུར་དུ་འཚོང་བའི་རྒྱུས་མེད་དྲོད་ལེན་གློག་ཆས་དང་། ཚོང་གཉེར་ལག་ཁྱེར་ཚད་ལྡན་མེད་པའི་དྲ་ཐོག་ཚོང་ཁང་སྟེ་“མེད་པ་གསུམ”གྱི་ཐོན་རྫས་ཉོ་རྒྱུ་མེད་ཅེས་དྲན་སྐུལ་ནན་པོ་གནང་འདུག
རིགས་གཅིག་མཁས་པས། དྲོད་ལེན་གློག་ཆས་དང་གློག་གི་གདན་སོགས་སྤྱོད་སྐབས། འབར་སླ་བའི་དངོས་པོ་དང་རྒྱང་ཐག་རིང་ཙམ་འཇོག་དགོས་པ་མ་ཟད། བེད་སྤྱོད་གཏོང་ཡུན་ཚོད་འཛིན་བྱས་ནས་མཚན་གང་བོར་སྤྱོད་མི་རུང་། དེ་བཞིན་གློག་གསོག་བཞིན་དུ་བེད་སྤྱོད་བྱེད་པ་སོགས་བདེ་འཇགས་མིན་པའི་བྱ་སྤྱོད་རིགས་སྤོང་དགོས་པའི་དྲན་སྐུལ་བྱས་ཡོད།
གཞན་ཡང་། དགུན་ཁ་ཁང་པའི་ནང་མེ་ཐབ་ལ་བསྐོར་ནས་ཇ་བསྐོལ་བ་དང་།སྒོར་དབྱིབས་འབར་རླངས་ཐབ་ཆས་སོགས་བཀོལ་སྤྱོད་བྱས་ན་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་སླ་པོ་ཡོད། དུག་རླངས་དེར་ཁ་དོག་དང་དྲི་མ་མེད་པར་བརྟེན། ཁང་པའི་ནང་གི་མིས་ཧ་གོ་དཀའ་བས། མགོ་ཡུ་འཁོར་བ་དང་ཤུགས་མེད་པའི་ནད་རྟགས་ཐོན་དུས་ཕལ་ཆེར་འགུལ་སྐྱོད་ཀྱི་ནུས་པ་ཤོར་ཟིན་ཡོད། དེ་མིན་མི་ཚོས་སྣང་མེད་དུ་འཇོག་སླ་བ་ཞིག་ནི། དགུན་ཁ་སྣུམ་སྤྱོད་རླངས་འཁོར་མེ་མ་བསད་པར་ཡུན་རིང་བཞག་ནས་དྲོད་རླུང་སྤྱད་ནའང་དུག་ཕོག་སྲིད། གལ་ཏེ་རླངས་འཁོར་གྱི་དུ་བ་འབུད་ས་ནས་དུག་རླངས་ཐོན་པའམ་རླངས་འཁོར་འཇོག་ཁང་སོགས་སུ་རླུང་འགྲོ་ཡག་པོ་མེད་ཚེ། དུག་རླངས་དེ་རླངས་འཁོར་གྱི་ནང་དུ་འཛུལ་ནས་མི་ལ་དུག་ཕོག་ཉེན་ཡོད་པས་དོ་སྣང་བྱེད་དགོས་ཞེས་ཤ་ཚའི་དྲན་སྐུལ་བྱས་འདུག

ཀྲུང་གོ་བདེ་འཇགས་ཐོན་སྐྱེད་ཚན་རིག་ཞིབ་འཇུག་ཁང་གི་བཟོ་བཀོད་དབུ་ཆེན་ལི་ཅུན་དབྱི་ཡིས་དྲན་སྐུལ་གནང་དོན། གལ་ཏེ་དུག་ཕོག་པའི་ནད་རྟགས་ཐོན་ཚེ་འཕྲལ་མར་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ་བྱེད་པ་དང་། དབྱང་གཅིག་ཐཱན་འགྱུར་ཐོན་ཁུལ་འཕྲལ་དུ་བཀག་དགོས་པ་མ་ཟད་ནད་པ་མྱུར་དུ་མཁའ་རླུང་གཙང་སར་སྤོ་བ་དང་། གོས་ཀྱི་གོང་བ་ལྷུག་ཏུ་བཏང་ནས་དབུགས་འབྱིན་རྔུབ་ཐུབ་པ་བྱེད་དགོས་ལ། དུས་མཚུངས་སུ་དྲོད་སྲུང་བྱས་ནས་ནད་རྟགས་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས། ནད་རྟགས་ཚབས་ཆེན་ཐོན་པའི་ནད་པ་ཡིན་ན་འཕྲལ་དུ་120ལ་ཁ་པར་བརྒྱབ་ནས་གནས་ཚུལ་གསལ་ཞུ་བྱེད་དགོས་པ་དང་། གལ་ཏེ་དབུགས་མི་གཏོང་བ་དང་སྙིང་འཕར་ལྡིང་མི་བྱེད་ན་འཕྲལ་དུ་དྲན་པ་གསོ་ཐབས་གནང་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ། བྱམས་ཚེ།
ཡིག་སྒྱུར། བསྟན་དབང་།

















