ང་ཚོས་རྒན་རྒོན་གྱི་ཚབ་ཞུས་ནས་སྨན་ཉོ་རོགས་བྱེད་ཆོག་གམ།
རྒན་རྒོན་འགྲོ་སྐྱོད་སྟབས་བདེ་མེད་པའི་སྐབས། བུ་ཕྲུག་གིས་ཁོ་ཚོའི་ཚབ་བྱས་ནས་སྨན་ཉོ་ཆོག་གམ། ངའི་སྨན་བཅོས་འགན་སྲུང་གི་དངུལ་དེ་ནང་མིས་བེད་སྤྱོད་བྱེད་ཆོག་གམ། ཁྱིམ་ཚང་མཉམ་རོགས་ཞེས་པའི་འགྲོ་ལུགས་གཉེར་རྗེས་སྨན་པ་བསྟེན་སྐབས་སུ་ཞིག་གི་སྨན་བཅོས་བྱང་བུ་དང་ཨང་རྟགས་བེད་སྤྱོད་གཏོང་དགོས་སམ།
དང་པོ། རྒན་རྒོན་འགྲོ་སྐྱོད་སྐབས་བདེ་མེད་པའི་སྐབས། བུ་ཕྲུག་གིས་ཁོ་ཚོའི་ཚབ་བྱས་ནས་སྨན་ཉོ་ཆོག་གམ། ཨང་ཀི་བཀག་པ་དང་སྨན་ཉོ་སྐབས་སུའི་སྨན་བཅོས་འགན་བཅོལ་བྱང་བུ་དང་ཨང་རྟགས་བེད་སྤྱོད་བྱེད་དགོས་སམ་ཞེ་ན།
ཁྱེད་རང་གིས་རྒན་རྒོན་ལ་སྨན་ཉོ་རོགས་བྱས་ན་འགྲིག༼སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་བྱེད་ཚུལ་གྱི་ལྟ་སྐུལ་དོ་དམ་སྲོལ་ཡིག༽གི་དོན་ཚན་བཅུ་བདུན་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། དམིགས་བསལ་རྒྱུ་རྐྱེན་དབང་གིས་མི་གཞན་ལ་སྨན་ཉོ་རྒྱུ་མངགས་དགོས་བྱུང་ན། མངགས་བཅོལ་བྱེད་མཁན་དང་མངགས་བཅོལ་དང་ལེན་ཞུ་མཁན་གྱི་ཐོབ་ཐང་དཔང་ཡིག་འདོན་སྤྲོད་བྱ་དགོས་ཞེས་གཏན་འབེབས་ཁ་གསལ་བྱས་ཡོད། དེར་བརྟེན། རྒན་རྒོན་འགྲོ་སྐྱོད་སྟབས་བདེ་མེད་པ་སོགས་དམིགས་བསལ་གྱི་གནས་ཚུལ་འོག་བུ་ཕྲུག་གིས་སྨན་ཉོ་རོགས་བྱས་ཆོག་གི་ཡོད་པ་རེད།
སྨན་ཁང་ངམ་སྨན་རྫས་ཚོང་ཁང་ནས་གཞན་གྱི་ཚབ་བྱས་ཏེ་སྨན་ཉོ་སྐབས་སུ་ཞིག་གི་སྨན་བཅོས་འགན་བཅོལ་བྱང་བུ་དང་ཨང་རྟགས་བེད་སྤྱོད་གཏོང་དགོས་སམ་ཞེ་ན། གཅིག གལ་ཏེ་གློག་རྡུལ་སྨན་བཅོས་འགན་སྲུང་ཨང་རྟགས་བེད་སྤྱོད་བྱས་ཚེ་ཁྱེད་རང་ནས་གཉེན་ཉེའི་རྩིས་ཐོ་ཞེས་པ་བརྒྱུད་དེ་རྒན་རྒོན་གྱི་སྨན་བཅོས་འགན་སྲུང་ཨང་རྟགས་དེའི་ནང་བཀོད་ན་འགྲིག་པ་དང་། ཨང་ཀི་བཀག་པའི་སྐབས་སུ་རྒན་རྒོན་གྱི་སྨན་བཅོས་འགན་སྲུང་ཨང་རྟགས་སྟོན་ན་འགྲིག་གི་ཡོད།
གཉིས། གལ་ཏེ་བྱང་བུ་དངོས་སྤྱད་ཚེ་ཁྱེད་རང་གིས་རྒན་རྒོན་གྱི་སྤྱི་ཚོགས་འགན་བཅོལ་བྱང་བུ་འཁྱེར་དགོས་པ་དང་། རྒན་རྒོན་གྱི་མིང་ཐོག་ནས་ཨང་ཀི་བཀག་དགོས་པ་མ་ཟད་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་བཅོལ་བྱང་བུ་སོགས་ཀྱི་ཐོབ་ཐང་དཔང་ཡིག་འཁྱེར་དགོས།
གཉིས་པ། ངའི་སྨན་བཅོས་འགན་བཅོལ་གྱི་དངུལ་ནང་མིས་བེད་སྤྱོད་བྱེད་ཆོག་གམ།
ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་དངུལ་ལྷག་མ་རྣམས་ཁྱིམ་ཚང་མཉམ་རོགས་ཞེས་པའི་བྱེད་ཐབས་ལ་བརྟེན་ནས་ནང་མིས་བེད་སྤྱོད་བྱས་ཆོག་མོད། འོན་ཀྱང་གཅིག་གྱུར་འཆར་འགོད་ཐེབས་རྩ་མཉམ་དུ་བེད་སྤྱོད་བྱེད་མི་རུང་། འགན་བཅོལ་ནང་ཞུགས་པའི་ལས་བཟོ་པ་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་དངུལ་ལྷག་མ་རྣམས་ཕ་མ་དང་།བཟའ་ཟླ། བུ་ཕྲུག ཕུ་ནུ་མིང་སྲིང་།སྤོ་བོ་རྨོ་བོ།ཚ་བོ་ཚ་མོ་བཅས་གཉེན་ཉེ་དག་གིས་བེད་སྤྱོད་བྱེད་ཆོག འོན་ཀྱང་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་གཉིས་འཛོམས་དགོས་པ་སྟེ།གཅིག་ནི་ཁྱེད་ཀྱི་གཉེན་ཉེ་ཡང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་པ་དང་། གཉིས་ནི་ཁྱེད་ཀྱིས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་ཁྱིམ་ཚང་མཉམ་རོགས་ཞེས་པའི་འགྲོ་ལུགས་གཉེར་ཡོད་དགོས། ཡིད་གཟབ་གནང་དགོས་པ་ཞིག་ལ། ཁྱིམ་ཚང་མཉམ་རོགས་ཞེས་པ་དེ་ནི་ལས་བཟོ་པ་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་སྒེར་གྱི་རྩིས་ཐོའི་དངུལ་ལྷག་མ་ཡིན་པ་ལས་གཅིག་གྱུར་འཆར་འགོད་ཐེབས་རྩ་མིན།

གསུམ་པ། ཁྱིམ་ཚང་མཉམ་རོགས་ཞེས་པའི་འགྲོ་ལུགས་གཉེར་རྗེས་སྨན་པ་བསྟེན་སྐབས་སུ་ཞིག་གི་སྨན་བཅོས་བྱང་བུ་དང་ཨང་རྟགས་བེད་སྤྱོད་གཏོང་དགོས་སམ་ཞེ་ན། དངུལ་མཉམ་སྤྱོད་བྱས་ཆོག་ཀྱང་སྨན་བཅོས་འགན་བཅོལ་གྱི་བྱང་བུ་དང་ཨང་རྟགས་མཉམ་སྤྱོད་བྱེད་མི་རུང་། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་སྨན་པ་བསྟེན་ནས་སྨན་ཉོ་སྐབས་ངེས་པར་དུ་ནད་པ་རང་ཉིད་ཀྱི་ཨང་རྟགས་དང་བྱང་བུ་སྤྱོད་དགོས། ཁྱིམ་ཚང་མཉམ་རོགས་སྲིད་ཇུས་ནང་མཉམ་སྤྱོད་བྱས་པ་དེ་ནི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་དངུལ་ལྷག་མ་ཡིན་པ་ལས་སྨན་བཅོས་འགན་བཅོལ་གྱི་བྱང་བུ་དང་ཨང་རྟགས་དེ་མིན། སྨན་བཅོས་འགན་བཅོལ་གྱིས་འགན་བཅོལ་ནང་ཞུགས་མཁན་དེས་ཐོབ་ཐང་ལོངས་སྤྱོད་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་ཀྱི་ཡོད། ཁྱིམ་ཚང་མཉམ་རོགས་ཞེས་པའི་འགྲོ་ལུགས་གཉེར་རྗེས་རྩ་དོན་དེར་འགྱུར་བ་མི་གཏོང་བར་འགན་བཅོལ་ནང་ཞུགས་མཁན་དེས་སྔར་བཞིན་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་སྤྱད་དེ་སྨན་པ་བསྟེན་པ་དང་སྨན་བཅོས་བྱས་ཏེ་གཏན་འབེབས་ལྟར་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཀྱི་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། བྱམས་པ་ཚེ་རིང་།
















