ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གོམས་གཤིས་འདི་དག་དོར་ན། བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཡོང་སྲིད།

2020-07-11 09:39:00     责编:卓玛才让

དང་པོ། ནར་འགྱངས་ལང་ཤོར་དུ་མི་འགྲོ་བ་བྱེད་དགོས།

     ཉིན་ལྟར་མལ་ལས་ལངས་སྐབས་ད་དུང་ཡུད་ཙམ་ཉལ་སྙམ་ནས། ཕྱི་འབྱོར་བྱེད་གྲབས་བར་ཀ་ཀོར་བྱེད་པ་དང་དེ་ནས་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིར་ཐོན་པ། སྔ་དྲོ་འབྲི་ཐུབ་པའི་ཇུས་གཞི་རྟག་ཏུ་ལས་ཀ་མ་གྲོལ་བར་ནར་འགྱངས་བྱས་རྗེས་གཞི་ནས་འབྲི་བ། ལས་འགན་ལེགས་སྒྲུབ་ཀྱི་འཆར་གཞི་བཟོས་ཟིན་རུང་། སྔོན་ལ་གཡུག་བཞག་ནས་མཇུག་ཏུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མཇུག་སྒྲིལ་བའི་གོམས་གཤིས་སོགས་མང་པོ་ཡོད།

     མི་ལ་ལས། འཇིག་རྟེན་འདིའི་སྟེང་གི་དོན་དག་ལས་སླ་ཤོས་ཡོངས་ཀྱི་ཁྲོད། ནར་འགྱངས་བྱ་རྒྱུ་ནི་དཀའ་ལས་ཅི་ཡང་རྒྱག་མི་དགོས་པ་ཞིག་རེད། དེས་མ་ཚད། ནར་འགྱངས་བྱ་རྒྱུ་དེ་གོམས་གཤིས་སུ་འགྱུར་སྲིད། དེས་མི་རྣམས་ལ་གནས་སྐབས་ཀྱི་བག་ཕེབས་ཀྱི་སྣང་བ་སྦྱིན་པ་མ་ཟད། རྟག་ཏུ་ནར་འགྱངས་བྱེད་པ་དེར་ཁ་གཡར་སའི་རྒྱུ་མཚན་སྣ་ཚོགས་རྙེད་ཐུབ་ཅེས་ཟེར།

     འོན་ཀྱང་། ནར་འགྱངས་བྱེད་པ་དེས་དེ་དང་དུས་མཚུངས་སུ་མི་ཞིག་གི་འཐབ་སེམས་མེད་པར་བཟོ་སྲིད། གལ་ཏེ་ནར་འགྱངས་ཁོ་ན་བྱས་ནས་བསྡད་ན། ཁྱེད་ཡར་རྒྱས་གཏན་ནས་འགྲོ་མི་སྲིད། ཁྱེད་ཀྱིས་འབད་པ་བྱེད་ཁུལ་བྱས་ཀྱང་། མཇུག་འབྲས་དེ་ཁྱེད་ཀྱིས་བསམ་པ་བཞིན་ཡོང་མི་ཐུབ།

     དོན་དངོས་ཐོག་ནར་འགྱངས་བྱེད་པ་ནི་ལས་ཀར་གཡོལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། དེ་ནི་བག་ལ་ཞ་བའི་འདུ་ཤེས་ནང་གི་དཀའ་ངལ་གྱི་གདོང་བསུ་བར་སྐྲག་པའི་སེམས་བྱུང་ཞིག་རེད། འོན་ཀྱང་ང་ཚོས་རང་ཉིད་ལ་དྲན་སྐུལ་བྱེད་དགོས་པ་ཞིག་ནི། དཀའ་ངལ་ལས་གཡོལ་བའི་འབྲས་བུ་ནི་འཇིགས་སྣང་དང་འཚེར་སྣང་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་ལས་གཞན་གང་ཡང་མེད། དེས་ན། བྱ་སྤྱོད་དངོས་ནི་འཇིགས་སྣང་ཁྱད་བསད་བྱེད་པའི་ཐབས་བཟང་ཞིག་ཡིན།

     ད་ལྟ་ནས་བཟུང་། ནར་འགྱངས་ཀྱི་གོམས་གཤིས་དེར་འགྱུར་བ་བཏང་ནས། དེ་རིང་གི་བྱ་བ་དེ་རིང་འགྲུབ་ཆེད་འབད་བརྩོན་བྱེད་དགོས། དོན་དག་ཚང་མ་དུས་ཐོག་ཏུ་བསྒྲུབས་ན། རང་གཅུན་ཐུབ་པའི་མི་ནི་ལས་ཆོད་ཆེ་ཤོས་ཡིན་པ་ཁྱེད་ཀྱིས་ཤེས་ཐུབ།

གཉིས་པ། འཁང་ར་བྱེད་པའི་གོམས་གཤིས་དོར་དགོས།

     སྐྱེ་བོ་ཚང་མར་བསམ་པ་བཞིན་འགྲུབ་མི་ཐུབ་པའི་བྱ་བ་ཁ་ཤས་འཕྲད་སྲིད། སྐབས་དེར། ཁྱེད་ཀྱིས་མི་ཞིག་བཙལ་ནས་རང་གི་བློ་ལ་མི་འབབ་པའི་གནས་ཚུལ་ལྷུག་པོར་བཤད་ཆོག འོན་ཀྱང་འཁང་ར་བྱེད་པའི་གོམས་གཤིས་འཇགས་སུ་འཇུག་རྒྱུ་མེད་ལ། རང་ཉིད་འཁང་སེམས་ཀྱིས་ཁེངས་པའི་མི་ཞིག་ཏུ་དེ་བས་ཀྱང་འགྱུར་དུ་འཇུག་མི་རུང་།

     འཁང་ར་བྱེད་པར་གོམས་པའི་མི་མང་ཆེ་བ་ནི་ད་ལྟའི་གནས་བབ་ལ་ཡིད་མི་ཚིམ་པ་དང་རང་ཉིད་ལ་གནས་པའི་གནད་དོན་མཐོང་མི་ཐུབ་པར། དེ་དག་ཚང་མ་འཚོ་བའི་ནོར་འཁྲུལ་ལམ་གཞན་གྱི་ནོར་འཁྲུལ་རེད་སྙམ་པ་ཤ་སྟག་ཡིན་པས། སྐད་ཆའི་ཐོག་ནས་མ་འཐད་པའི་རྣམ་འགྱུར་དང་རང་གི་སེམས་ནད་མཚོན་པར་བྱེད་པ་ཙམ་ཡིན།

     འོན་ཀྱང་དོན་དངོས་ཐོག འཁང་ར་ཇི་ཙམ་བྱས་ན། དེ་ཙམ་གྱིས་བཀྲ་མི་ཤིས་པ་ཡོང་སྲིད། གལ་ཏེ་ཁྱེད་ཀྱིས་རྒྱུན་དུ་ཡིད་མུག་པའི་སྐད་ཆ་ཤ་སྟག་བཤད་པ་དང་། སྡུག་བཤད་བྱ་རྒྱུ་གོམས་གཤིས་སུ་གྱུར་ན། མཐར་ཉེ་འགྲམ་གྱི་མི་རྣམས་ཁྱེད་དང་རྒྱང་ནས་རྒྱང་དུ་གྱེས་སྲིད།

     ཁྱེད་ཀྱིས་འཁང་ར་མི་བྱེད་པར་བསམ་བློ་བཟང་ཕྱོགས་སུ་བཏང་ནས་འཚོ་བར་འཇུག་པ་དང་། དོ་སྣང་བྱ་ཡུལ་དེ་རང་ཉིད་ཀྱི་བྱང་ཚད་ཇི་ལྟར་མཐོ་རུ་གཏོང་རྒྱུའི་ཐད་བཞག་ཚེ། གཞི་ནས་འགྱུར་ལྡོག་ཡོང་སྲིད།

     དེར་བརྟེན། ཕན་མེད་ཀྱི་འཁང་ར་བྱེད་མཚམས་འཇོག་དགོས། ཁྱེད་ཀྱིས་འཁང་ར་དོར་ནས་བློ་སྤོབས་དང་ལྡན་པར་བྱས་ན། གཞི་ནས་བྱ་བ་ལམ་ལྷོངས་ཡོང་སྲིད།

གསུམ་པ། སྤྲོ་ཐུང་བའི་གཤིས་ཀ་དོར་དགོས།

     དོན་དག་ཆུང་ཆུང་ཞིག་འཕྲད་ན་སེམས་འཚབ་བྱེད་པའམ་ཁོང་ཁྲོ་དབང་མེད་དུ་ལངས་པ་དང་། དེ་ནས་ཡང་སེམས་རྣལ་དུ་ཕབ་རྗེས་འགྱོད་པ་ཆེན་པོ་སྐྱེས་པའི་གནས་ཚུལ་འཕྲད་མྱོང་ངམ།

     མི་ཚང་མར་སེམས་གནོན་མི་ཐུབ་པའི་སྐབས་ཡོད། འོན་ཀྱང་ཁོང་ཁྲོ་དེ་རྣམ་འགྱུར་དང་བྱ་སྤྱོད་ཐོག་མ་མངོན་པའི་གོང་། ང་ཚོར་དེར་ངོས་འཛིན་དང་ཚོད་འཛིན་བྱེད་པའི་ནུས་པ་ལྡན་དགོས། དེ་ལྟར་མིན་ན། ཁོང་ཁྲོའི་བསམ་སྤྱོད་ཀྱིས་གནས་ཚུལ་དེ་བས་སྡུག་ཏུ་བཏང་ནས་རང་གཞན་གཉིས་ཀར་གནོད་པ་བཟོ་སྲིད།

     གལ་ཏེ་ཁྱེད་ཀྱིས་གཤིས་རྒྱུད་ངན་པ་འཕྲལ་དུ་ཚོད་འཛིན་མ་ཐུབ་ན། རང་ཉིད་ཁོང་ཁྲོ་ལངས་སླ་བའི་གནས་ཚུལ་དག་ཟིན་ཐོར་བཀོད་ནས་གཤམ་གསལ་གྱི་གནད་དོན་འདི་དག་ལ་བསམ་བློ་བཏང་ཆོག་སྟེ། ཁྱེད་ཀྱི་རླུང་ལངས་བའི་རྒྱུ་རྐྱེན་དེ་ཅི་ཡིན་པ་དང་། དེ་ལྟར་བྱས་ན་ཤུགས་རྐྱེན་ངན་པ་ཅི་ཞིག་འབྱུང་སྲིད་པ། གལ་ཏེ་སླར་ཡང་དེ་དང་འདྲ་བའི་གནས་ཚུལ་ཐོན་ན་ཐག་གཅོད་བྱེད་ཐབས་དེ་ལས་ཡག་པ་ཞིག་ཡོད་མེད་བཅས་ལ་བསམ་བློ་བཏང་ཆོག

     ཁྱེད་ཀྱི་སེམས་ཁམས་ཚོད་འཛིན་ནུས་པ་ཇི་ལྟར་ཆེ་ན། འཚོ་བར་སྟངས་འཛིན་དེ་བས་ཡག་པ་བྱེད་ཐུབ། ཁོང་ཁྲོ་ལངས་པ་ནི་གཉུག་གཤིས་ཀྱི་མངོན་ཚུལ་ཙམ་ཡིན། ཁོང་ཁྲོ་ཞི་བར་བྱེད་ནུས་པ་ནི་འཇོན་ཐང་ཡིན།

     མིག་མངས་དལ་བུར་རྩེད་དགོས་པ་དང་། ཇའི་བྲོ་བ་ག་ལེར་མྱོང་དགོས་པ་བཞིན། བྱ་བ་གང་ཞིག་ཡིན་རུང་བསམ་ཤེས་མང་ཙམ་དང་ངང་རྒྱུད་རིང་ཙམ་བྱེད་དགོས་ཤིང་། གཤིས་འཇམ་སྤྱོད་བཟང་གི་མི་ཞིག་བྱས་ན། འགལ་བ་མང་པོ་ཞིག་ལས་སླ་པོར་ཐག་གཅོད་བྱེད་ཐུབ།

བཞི་པ། ཆོས་ཉིད་དང་མི་མཐུན་པའི་ལས་ཀ་དང་ངལ་གསོའི་གོམས་གཤིས་དོར་དགོས།

     འགྲོས་མགྱོགས་པའི་དུས་རབས་འདིར་མཚན་འཁྱོངས་ནི་མི་མང་པོ་ཞིག་གི་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་ཡོད། སྐབས་རེ་ཐང་ཆད་ཀྱང་། མལ་ཁྲིའི་སྟེང་དུ་ཉལ་ནས་ཨུ་ཚུགས་ཀྱིས་ཁ་པར་ཐོག་འཁྲབ་ཚན་ལ་བལྟས་ནས་སྡོད་ཀྱི་ཡོད།

     ལས་ཀ་དང་ངལ་གསོའི་དུས་ཚོད་ཆོས་ཉིད་དང་མི་མཐུན་པ་དེ་འཚོ་བའི་སྣང་ཚུལ་ཞིག་ཏུ་སྣང་ཡང་། དོན་དངོས་ཐོག་ང་ཚོའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། དེ་ལྟར་ཡུན་རིང་འགོར་ན། མིའི་ངང་ཚུལ་ཇེ་ཞན་དུ་འགྲོ་བ་དང་། ནད་གཞི་སྣ་ཚོགས་ཐོན་ཡོང་གི་ཡོད།

     དོན་དངོས་ཐོག མི་ཞིག་ནར་སོན་པའི་མཚོན་རྟགས་ངོ་མ་ནི་བདེ་ཐང་གི་གལ་ཆེན་རང་བཞིན་ཚོར་བ་དེ་ཡིན། བྲེལ་བ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་ངལ་གསོ་རྒྱག་དགོས་པ་ཤེས་དགོས། གང་ལགས་ཤེ་ན། དུས་བསྟུན་ངལ་གསོ་རྒྱག་པ་ནི་རང་ཉིད་ཀྱི་གནོན་ཤུགས་ཆུང་དུ་གཏོང་བའི་ཐབས་ཤེས་ཡག་ཤོས་ཤིག་ཡིན་པ་མ་ཟད། ནུས་པ་གང་ཡོད་བཏོན་ནས་དེ་བས་རྒྱང་རིང་གི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཆེད་དུ་ཡིན།

     མི་ཚེ་ནི་མ་གཞི་ནས་རྒྱང་རྒྱུག་ཐེངས་ཤིག་ཡིན། ཡིད་ཕངས་པ་ཞིག་ལ་དུས་ཚོད་མང་པོ་ཞིག་ལ། ང་ཚོའི་དུས་ཚོད་མང་པོ་ཞིག་མ་འོངས་པར་ཕྱོགས་རྒྱུར་འགོར་ནས། ད་ལྟའི་རང་ཉིད་ལ་ལྟ་རྟོག་བྱ་རྒྱུ་བརྗེད་འགྲོ་ཡི་ཡོད།

     དེ་རིང་ནས་བཟུང་། རང་ཉིད་ལ་གཅེས་སྐྱོང་ཡག་པོ་བྱེད་དང་། ཞོགས་སྔ་ལངས་དང་དགོང་སྔ་ཉལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཉིན་གཅིག་གི་ལྟོ་དུས་གསུམ་ཡག་པོ་བཟའ་བ། ལུས་ཕུང་ལ་སྦྱོང་བརྡར་ཡག་པོ་བྱེད་པ་བཅས་བྱས་ནས། རང་ཉིད་ལ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་དགོས། བདེ་ཐང་ཡོད་ན་ད་གཟོད་མ་འོངས་པ་ཡོད་པ་ཤེས་དགོས།

ལྔ་པ། དོན་སྙིང་མེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་དོར་དགོས།

     གྲོགས་པོས་སྤྱི་ཚོགས་ཀྱི་འབྲེལ་གཏུག་ཁྲོད་ཀྱི་ཐབས་ཟད་འུ་ཐུག་གི་སྣང་ཚུལ་མང་པོ་བརྗོད་པ་ཐོས་མྱོང་། མི་ཞུགས་ཐབས་མེད་ཀྱི་བྱེད་སྒོ་མང་པོ་ཞིག་ལ་ཁོ་ཚོ་རྩ་བ་ནས་ཞུགས་འདོད་མེད་མོད། འོན་ཀྱང་སེམས་ཁྲལ་སྣ་ཚོགས་ཀྱི་དབང་གིས་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་མི་ཞུགས་ཐབས་མེད་དུ་འགྱུར་གྱི་ཡོད། འཚོ་བ་བྲེལ་འཚུབ་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་དེ་དང་བསྟུན་ནས་ནང་སེམས་ཀྱི་ཡུལ་ཡུལ་པོའི་སྣང་བ་ཡང་ཇེ་ཆེར་འགྲོ་བཞིན་ཡོད།

     ལོ་ཆེ་རུ་འགྲོ་བ་དང་བསྟུན་ནས། ཆོ་མེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་པ་ལས་སྐྱིད་པོའི་ངང་ཁེར་རྐྱང་དུ་སྡོད་པ་དེ་ཡག་པ་ཡོད་པ་ང་ཚོས་ཤེས་པ་བྱེད་དགོས།

     རྟག་པར་མི་གཞན་ལ་བསྟུན་ཆེད་སྤྱི་ཚོགས་ཀྱི་འབྲེལ་བ་འཛུགས་པ་དང་། ཁེར་རྐྱང་དུ་སྡོད་རྒྱུར་སྐྲག་པའི་དབང་གིས་རང་ཉིད་མི་ཚོགས་དང་མཉམ་དུ་འགྲོག་རྒྱུར་ཨུ་ཚུགས་བྱེད་མི་དགོས། ལྟ་བ་མ་མཐུན་ན་ཨུ་ཚུགས་ཀྱིས་མཉམ་དུ་སྡོད་དགོས་དོན་མེད། ང་ཚོས་བསྒྲུབ་དགོས་པ་ནི་དུས་ཚོད་དང་སེམས་ནུས་གཉིས་རང་གི་དགའ་སའི་མི་དང་བྱ་བའི་ཆེད་དུ་བཏང་ནས། རང་ཉིད་ལ་དབང་བའི་བདེ་སྐྱིད་ལོངས་སུ་སྤྱོད་དགོས།

     རྨོངས་ཚོད་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་དང་ལེན་མི་བྱེད་པར། ནང་སེམས་ཀྱི་གདམ་གར་ཉན་ཞིང་། རང་ཉིད་ཁེར་རྐྱང་ཁྲོད་དེ་བས་སྟོབས་ལྡན་དུ་འགྱུར་དུ་བཅུག་ན། ད་གཟོད་སྔར་ལས་སྐྱིད་པ་ཡོང་ངེས་རེད།

      མདུན་སྐྱོད་ཀྱི་ལམ་བུར་བར་ཆད་འཕྲད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་ཁ་ཕྱོགས་ཡང་དག་རྙེད་ཚེ་བྱ་དཀའ་བྱེད་གཏད་དུ་འགྱུར་མི་སྲིད། ང་ཚོ་ཚང་མས་ནར་འགྱངས་མི་བྱེད་པ་དང་། འཁང་ར་མི་བྱེད་པ། འཛུམ་མདངས་མང་ཙམ་སྟོན་པ། ངང་རྒྱུད་རིང་ཙམ་བྱེད་པ། ལུས་སེམས་བདེ་ཐང་ཡོང་ཐབས་བྱེད་པ། ཁེར་སྡོད་ཀྱི་དུས་ཚོད་ལོངས་སུ་སྤྱོདཔ་བཅས་བྱས་ཏེ། གོམ་པ་རེ་ལ་རྐང་རྗེས་རེ་འཇོག་པ་དང་། རང་ཉིད་ཅི་ཞིག་ཏུ་འགྱུར་འདོད་པ་དེ་ལྟ་བུར་འགྱུར་བ་བྱས་ནས། རང་གི་རེ་འདུན་དང་མཐུན་པའི་བདེ་སྐྱིད་འཚོ་བར་རོལ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

གོམས་གཤིས་འདི་དག་དོར་ན། བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཡོང་སྲིད།