ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གཉིད་མི་འདང་བས་ནད་འདི་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

2020-01-14 09:09:00     责编:卓玛才让

     ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་1ཚེས་11ཉིན་སྤེལ་བའི་གསར་འགྱུར་ལྟར་ན། སུའེ་ཏེན་གྱི་ཞིབ་འཇུག་མི་སྣས་གསར་དུ་ཤེས་རྟོགས་བྱུང་རྒྱུར། བདེ་ཐང་གི་ན་གཞོན་ཞིག་གི་ངོས་ནས་བརྗོད་ན། མཚན་མོ་གཅིག་ལ་མ་ཉལ་ན་མིའི་ཁྲག་ནང་གི་ཨར་ཚི་ཧའེ་མོ་ནད་(阿尔茨海默病)ཀྱི་སྐྱེ་དངོས་མཚོན་རྟགས་དངོས་པོ་མང་དུ་འགྲོ་བ་རེད། དེ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་ཉིན་ཤས་གོང་ཨ་རིའི《དབང་རྩའི་རིག་པ》ཞེས་པའི་དུས་དེབ་ཐོག་སྤེལ་ཡོད།

     སུའེ་ཏེན་གྱི་ཞིབ་འཇུག་མི་སྣས་ཆ་སྙོམས་ལོ་ཚད་22དང་གཟུགས་པོའི་ལྗིད་ཚད་རྒྱུན་ལྡན་ཡིན་པའི་བདེ་ཐང་གི་སྐྱེས་པ་15བདམས་ནས་ཚོད་ལྟ་བྱས་ཤིང་། ཁོང་ཚོས་རྒྱུན་དུ་ཆུ་ཚོད་7ནས་9བར་ཉལ་རྒྱུ་རྒྱུན་འཁྱོངས་བྱས། མཇུག་འབྲས་ལས་མངོན་པ་ལྟར་ན། ཚོད་ལྟ་མྱོང་མཁན་ཞག་གཅིག་ལ་མ་ཉལ་ཚེ། (གློག་འོད་འོག་ཏུ་མལ་ཁྲིའི་སྟེང་དུ་བསྡད་ནས་རོལ་རྩེད་རྩེ་བ་དང་གློག་བརྙན་ལ་ལྟ་བའམ་ཡང་ན་ཁ་བརྡ་བྱེད་པ)ཁྲག་ནང་གི་Tauསྤྲི་དཀར་གྱི་ཆ་སྙོམས་ཆུ་ཚད་17%ཇེ་མཐོར་སོང་ཡོད་ལ། ཞག་གང་བོར་ཡག་པོ་ཉལ་རྗེས་ཁྲག་ནང་གི་Tauསྤྲི་དཀར་གྱི་ཆ་སྙོམས་ཆུ་ཚད་2%ཙམ་ལས་འཕར་སྣོན་བྱུང་མེད།

     ཨར་ཚི་ཧའེ་མོ་ནད་པའི་ནད་ལུགས་འགྱུར་ལྡོག་རིགས་ཤིག་ནི་ཀླད་པའི་ནང་གི་Tauསྤྲི་དཀར་ལིན་སྐྱུར་འགྱུར་ཚད་དྲགས་པ་དེ་ཡིན། ཕྲ་ཕུང་ནང་དུ་སྤུངས་གསོག་བྱས་ནས་དབང་རྩའི་ཕྲ་ཕུང་གི་ཚི་སྣ་འཁྲིལ་བ་དང་། དབང་རྩའི་རྒྱུ་ཚི་སྣ་འཁྲིལ་བ་དང་དབང་རྩའི་ཕྲ་ཕུང་ཤི་བ་ནི་ཤེས་རྟོགས་བྱེད་ནུས་ལ་བར་གེགས་བྱུང་བ་དང་འབྲེལ་བ་དམ་པོ་ཡོད། དེའི་གོང་དུ་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། རྒན་རྒོན་ཚོ་གཉིད་མ་ཁུག་རྗེས་ཀླད་ཆུའི་ནང་གི་Tauསྤྲི་དཀར་གྱི་ཆུ་ཚད་མཐོ་རུ་འགྲོ་ལ། མགོ་བོར་རྨས་སྐྱོན་ཕོག་ནའང་ཁྲག་ནང་གི་Tauསྤྲི་དཀར་གྱི་ཆུ་ཚད་མཐོ་རུ་འགྲོ་གི་ཡོད་པ་རེད།

     དཔྱད་རྩོམ་གྱི་མཉམ་འབྲེལ་རྩོམ་པ་པོ་སུའེ་ཏེན་གྱི་ཝུའུ་ཕུའུ་སཱ་ལ་སློབ་ཆེན་གྱི་ཆའོ་ན་སེན་སའེ་ཏེ་ནེ་སིས་(乔纳森·塞德内斯)བཤད་རྒྱུར། ཁྲག་ནང་གི་Tauསྤྲི་དཀར་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་ཡིས་ཀླད་པའི་ནང་གི་Tauསྤྲི་དཀར་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད་མོད། འོན་ཀྱང་དབང་རྩའི་འགུལ་སྐྱོད་ལས་བྱུང་བའི་Tauསྤྲི་དཀར་དེ་ཀླད་པའི་ཁྲོད་ནས་གཙང་སེལ་བྱས་པ་ཞིག་ཡིན་ཡང་སྲིད་པས། ད་དུང་དུས་དང་མི་བསྟུན་པའི་སྒོ་ནས་གཉིད་ན་ཨར་ཚི་ཧའེ་མོ་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་མིན་ལ་ད་དུང་ཞིབ་འཇུག་བྱེད་དགོས་ཞེས་བཤད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有

གཉིད་མི་འདང་བས་ནད་འདི་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།