ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

རྒྱ་ཁོག་ཟ་རྒྱུར་དགའ་བའི་ཁྱེད་ཀྱིས་འདི་ལ་ངེས་པར་གཟིགས་རོགས།

2019-11-24 09:05:00     责编:卓玛才让

རྒྱ་ཁོག

གྲང་ངར་ཆེ་བའི་དགུན་དུས་སུ་ཟ་རྒྱུར་དགའ་བའི་ཟས་རིགས་ཤིག་ཡིན།

ཡིན་ནའང་།

ཁྱོད་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ནི།

རྒྱ་ཁོག་གིས་ཀྱང་ཚེ་སྲོག་ལ་འཇིགས་སྐུལ་བཟོ་སྲིད།

     ཉིན་ཤས་གོང་། ལོ་46ལ་སླེབས་པའི་ཨར་སྐྲུན་བཟོ་པ་སྐུ་ཞབས་ཀྲུའུ་ཞེས་པ་ཡིས་གླ་ཕོགས་བགོས་པའི་སྐབས་དང་བསྟུན་ནས། ལས་ཀ་གྲོལ་རྗེས་ཚལ་ཁྲོམ་དུ་སོང་སྟེ་ཕག་ཤ་དང་ལུག་ཤ་ཉོས་ནས་བོགས་གཏོང་ཁང་པའི་ནང་ཕྱིར་ལོག་སྟེ་རང་གིས་རྒྱ་ཁོག་ཁ་ཚ་ཞིག་བསྐོལ་ནས། ཨ་རག་ཏོག་ཙམ་དང་མཉམ་དུ་ཉིན་གང་བོར་སོ་ཕག་དབོར་བའི་ངལ་དུབ་བསལ་དགོས་སྙམ།

     བསམ་ཡུལ་ལས་འདས་པ་ཞིག་ལ་སྐུ་ཞབས་ཀྲུའུ་ལགས་ཀྱིས་རྒྱ་ཁོག་ཟོས་ནས་ཉིན་འགའ་འགོར་རྗེས། ཉིན་དཀར་རྒྱུན་དུ་མགོ་ཡོམ་འཁོར་བ་དང་མགོ་སྦོས་ནས་ན་ཟུག་ལངས་པ་མ་ཟད། མཚན་མོར་གཉིད་དུ་ཡུར་བའི་སྐབས་སུ་རྐང་ལག་འཁུམ་པ་དང་མཆིལ་མ་སྐྱུག་པ་སོགས་བརྒྱལ་གཟེར་གྱི་ནད་རྟགས་བྱུང་།

     ཀྲེ་ཅང་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་ཚ་ཁུལ་ནད་དང་གཞན་བརྟེན་སྲིན་འབུའི་ནད་ཀྱི་ཡན་ལག་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་དང་། ཀྲེ་ཅང་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་འགོས་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཧོང་ཅན་རུང་གི་ཀྲུའུ་རིན་སྨན་པས་སྐུ་ཞབས་ཀྲུའུ་ལགས་ལ་སྨན་བཅོས་བྱས་པ་རེད།  བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་ཉེ་སྔོན་ཕག་ཤ་དང་ལུག་ཤའི་རྒྱ་ཁོག་ཟོས་པའི་རྐྱེན་ཡིན་ངེས་ཆེ་སྙམ་ནས། ཁོང་གིས་མགོ་བོའི་ཁབ་ལེན་མཉམ་འདར་ལ་ཞིབ་བཤེར་བྱེད་དགོས་པའི་བསམ་ཚུལ་བཏོན་པ་རེད།

     བརྟག་དཔྱད་བྱས་མཐར་གཞོགས་གཉིས་ཀྱི་ཀླད་ཆེན་ལ་ནད་བབ་འགྱུར་ལྡོག་ཆེ་ཞིང་། ཁྲག་དང་ཀླད་ཆུ་ནང་གི་སྣོད་འབུ་འགོག་གཟུགས་ཕོ་རྟགས་མངོན་པས། ཀླད་པའི་སྣོད་འབུའི་ནད་ཕོག་ཡོད་པར་ངོས་འཛིན་བྱས།

ཀླད་པའི་ནང་གི་CTལས་མངོན་པར་གཞིགས་ན་དཀར་ཐིག་ནད་འགྱུར་མང་པོ་ཡོད།

     འོན་ཀྱང་སྐུ་ཞབས་ཀྲུའུ་ཡིས་འདང་མི་ཕོག་པ་ནི་ཅིའི་ཕྱིར་རང་གིས་ཟ་མ་ཟོས་རྗེས་ཀླད་པ་འདི་འདྲ་ཞིག་ཏུ་གྱུར་བ་ཡིན་ནམ།

     ཧོང་ཅན་རུང་གི་ཀྲུའུ་རིན་སྨན་པ་ཅེ་ཧྲི་ཏའོ་ཡིས་བཤད་རྒྱུར། ནད་དེ་ནི་རྒྱ་ཁོག་རང་སྟེང་ནས་བྱུང་བ་མིན་པར། ཕག་ཤ་དང་ལུག་ཤའི་ངོས་སུ་མ་གཞི་ནས་ཕག་གི་ཐུམ་འབུའི་འབུ་ཕྲུག་གཞན་བརྟེན་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། དེ་ནས་རྒྱ་ཁོག་ཟ་དུས་ཤ་བཙོས་ནས་སྨིན་མེད་པས། ཕག་གི་ཐུམ་འབུའི་འབུ་ཕྲུག་འཇུ་ལམ་བརྒྱུད་ནས་ཀླད་པར་ཞུགས་ཏེ་ནད་བྱུང་བ་རེད་ཟེར།

     “དེ་འདྲ་ཡིན་ཁོ་ཐག་རེད། ཤ་དེ་དག་ངས་བཙོས་ནས་དེ་འདྲ་སྨིན་མེད་པ་འདྲ། ཁ་ཚའི་སླ་ངའི་ཞབས་ནི་མ་གཞི་ནས་དམར་ཐིང་ཐིང་ཡིན་པས། ཤ་ཚོས་ཡོད་མེད་གཏན་ནས་མི་མཐོང་། ངས་འཚབ་འཚུབ་ངང་ཟོས་པ་ཡིན”ཞེས་སྐུ་ཞབས་ཀྲུའུ་ཡིས་འགྲེལ་བཤད་ལ་ཉན་རྗེས་མྱུར་དུ་ཡིད་ལ་དྲན་ཞིང་དེ་ལྟར་བཤད།

     དེའི་སྟབས་ཀྱིས་རྒྱ་ཁོག་ཟ་དུས་ངེས་པར་དུ་ཚོས་དགོས། དེ་ནི་ཧ་ཅང་གལ་ཆེ།

 

གཞན་བརྟེན་སྲིན་འབུ་དང་རྒྱང་དུ་གྱེས་འདོད་ན་སྐད་ཆ་ཚིག་གསུམ་ཡིད་ལ་ཟུངས།

1.ཚོང་ར་ཚད་ལྡན་ནས་ཟས་རིགས་ཉོ་བ།

ཤ་ཉོ་དུས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་ཁག་ཐེག་ཡོད་པའི་ཚོང་ར་ཚད་ལྡན་ནས་ཉོ་བ་ལས། གང་འདོད་དུ་ཟ་མ་སྣ་ཚོགས་ཟ་མི་རུང་།

2.ཚ་སྣོན་འདང་ཚད་བྱེད་པ།

ཤ་བཙོ་སྐབས་ངེས་པར་དུ་ཚོས་དགོས་ཤིང་། ཉ་ལེབ་གསོན་པོ་ཟོས་ན་ངེས་པར་དུ་ཟ་ཁང་ཚད་ལྡན་ནས་ཟ་དགོས།

3.སྨིན་ཡོད་མེད་གཉིས་སོ་སོར་འབྱེད་དགོས།

ཟས་རིགས་གསོན་པོ་དང་བཙོས་མ་གཉིས་ཉར་ཚགས་བྱེད་པའམ་ཡང་ན་གཏུབ་སྐབས། སོ་སོར་བཀར་ནས་འཇོག་པར་ཡིད་གཟབ་བྱས་ནས། བཙོས་མ་དང་གསོན་པོ་ཕན་ཚུན་འདྲེས་ཏེ་འབག་བཙོག་བཟོ་བར་སྔོན་འགོག་བྱེད་དགོས།

དཔེར་ན་གྲི་ཆས་དང་། གཏུབ་གདན། སྡེར་མ་སོགས་སྤྱོད་སྐབས་གསོན་པོ་དང་བཙོས་མ་གཉིས་ཁ་ཁར་དབྱེ་དགོས། ཟས་རིགས་གསོན་པོ་ངེས་པར་དུ་གཙང་འཁྲུད་དུག་སེལ་བྱས་རྗེས་ད་གཟོད་བཀོལ་སྤྱོད་བྱས་ཆོག

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有

རྒྱ་ཁོག་ཟ་རྒྱུར་དགའ་བའི་ཁྱེད་ཀྱིས་འདི་ལ་ངེས་པར་གཟིགས་རོགས།