ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶སྒོར་མོ་བསླུ་བའི་APPའདི་དག་ལ་གཟབ་རོགས།

2019-11-21 15:52:00     责编:卓玛才让

 

 

     དངུལ་སྒོར་དོ་དམ་སྟབས་བདེ་ཡོང་ཆེད། ཅི་ནན་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་ཧན་ལགས་ཀྱིས“XXདངུལ་ཁང་གི་ཡིད་རྟོན་བྱང་བུ”ཞེས་པའི་APPཕབ་འཇུག་བྱས་པར། ཡུན་རིང་མ་སོང་བར་དངུལ་བྱང་དེ་གཞན་གྱིས་སྤྱད་ཅིང་། དངུལ་བུན་བསྐྱིས་པ་སོགས་ཀྱི་གནས་ཚུལ་བྱུང་། ཁོང་དངུལ་ཁང་དུ་སོང་ནས་དེ་དག་བདེན་མིན་ཞིབ་དཔྱད་བྱས་པ་ན། མ་གཞི་ཁོང་གིས་ཕབ་འཇུག་བྱས་པའི་མཉེན་ཆས་དེ་བདེན་རྫུན་འབྱེད་དཀའ་བའི་མཉེན་ཆས་རྫུན་མ་ཞིག་ཡིན་པ་རེད།

     ད་ཆ། སྒུལ་བདེའི་དྲ་བ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་སྔར་བས་མང་པོ་དྲ་ཐོག་ནས་སྒོར་མོ་བསྐུར་ཞིང་གླ་རིན་སོགས་སྤྲོད་པ་དང་། མེ་འཁོར་གྱི་སྤ་སེ་ཉོ་བ་སོགས་ལག་ཐོགས་ཁ་པར་གྱི་APPསྤྱད་ནས་ལས་དོན་སྣ་ཚོགས་སྒྲུབ་རྒྱུར་གོམས་དང་གོམས་བཞིན་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། ལག་ཐོགས་ཁ་པར་གྱི་བཀོལ་སྤྱོད་མཉེན་ཆས་ཁྲོམ་རའི་ནང་། མིང་དང་རྟགས་རིས་ཤིན་ཏུ་འདྲ་ཞིང་བདེན་རྫུན་དབྱེ་འབྱེད་དཀའ་བའི་APPཡིས་སྤྱོད་མཁན་མི་ཉུང་བར་རྒྱུ་ནོར་གྱི་གྱོང་གུན་ཐེབས་ཡོད།

བདེན་རྫུན་འབྱེད་དཀའ་བའི་APPཡིས་གཡོ་སྒྱུ་མང་པོ་འཁྲབ་པ།

      ཅི་ནན་གྲོང་ཁྱེར་གྱི་གྲོང་མི་ཁྲེང་ཏུང་ཀྲེན་གྱིས་ཉེ་སྔོན་དྲ་ཐོག་ནས་རླངས་འཁོར་འགྲིམ་འགྲུལ་གྱི་ཆད་གཅོད་རྩིས་ཐོ་སྤྲོད་ཆེད་ལག་ཐོགས་ཁ་པར་གྱི་མཉེན་ཆས་ཚོང་ཁང་ལས་སྤྱི་བདེ་པུས་བཟོས་པའི“འགྲིམ་འགྲུལ་དོ་དམ་12123”APPཕབ་འཇུག་བྱེད་སྐབས། ཁོང་གིས་འཚོལ་བཤེར་བྱས་འབྲས་ཀྱི་ཨང་དང་པོ་ནི་རིས་རྟགས་违ཡིན་ཞིང་མིང་ཡང་12123ཡིན་པའི་མཉེན་ཆས་དེ་ཡིན་པས་ཕབ་འཇུག་བྱས་ཤིང་ཁ་ཕྱེ་བ་ན། དེ་ནི་དྲ་ངོས་ཤིན་ཏུ་ཐབས་ཆག་ཅན་གྱི་མཉེན་ཆས་རྫུན་མ་ཞིག་ཡིན་པ་རེད།

      གསར་འགོད་པས་མཉེན་ཆས་ཚོང་ཁང་མང་པོ་ནས་འཚོལ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། APPདེ་རིགས་མི་ཉུང་བ་ཡོད་པ་སྟེ། དཔེར་ན། པེ་ཅིང་སྤྱི་སྤྱོད་རླངས་འཁོར་ཚོགས་པས་བཏོན་པའི“པེ་ཅིང་སྤྱི་སྤྱོད་རླངས་འཁོར”APPཡིས་བཤེར་རིས་བཤེར་བ་བརྒྱུད་སྤྱི་སྤྱོད་རླངས་འཁོར་ནང་སྡོད་ཆོག་གི་ཡོད། འོན་ཀྱང་ཨན་ཀྲེ་དྲ་བ་དང་ཁུའུ་ཨན་དྲ་བ་སོགས་མཉེན་ཆས་ཁྲོམ་རའི་ནང་འཚོལ་བཤེར་བྱས་འབྲས་ཀྱི་མདུན་གྲས་སུ་སླེབས་པ་ནི་ “པེ་ཅིང་སྐབས་ཐོག་སྤྱི་སྤྱོད་རླངས་འཁོར”དང་“པེ་ཅིང་དྲ་ཐོག་སྤྱི་སྤྱོད་རླངས་འཁོར་”ཞེས་པའི་མཉེན་ཆས་སོགས་ཡིན་ཞིང་། ཕབ་ལེན་བྱས་ཚད་མང་ཤོས་ནི་“པེ་ཅིང་དྲ་ཐོག་སྤྱི་སྤྱོད་རླངས་འཁོར་”ཞེས་པ་ཡིན་ཞིང་། ཕབ་ལེན་བྱས་ཚད་འབུམ་3ལྷག་ཙམ་ལ་སླེབས་ཡོད། གོང་གསལ་གྱི་APPཁ་ཕྱེ་རྗེས་དྲ་ངོས་ཧ་ཅང་ཐབ་ཆགས་ཡིན་པ་མ་ཟད། བཤེར་རིས་བརྒྱུད་རླངས་འཁོར་ལ་སྡོད་པའི་བྱེད་ནུས་མེད་ལ། བརྡ་ཁྱབ་མི་ཉུང་བ་ཞིག་ཀྱང་ཚུད་ཡོད། APPདེ་དག་གི་སྤྱོད་མཁན་གྱི་དཔྱད་གཏམ་སྤེལ་ཁུལ་དུ་སྤྱོད་མཁན་མང་པོ་ཞིག་གིས་མཉེན་ཆས་དེ་མགོ་སྐོར་གཏོང་མཁན་ཡིན་པ་སོགས་ཀྱི་དཔྱད་བརྗོད་སྤེལ་འདུག

     གསར་འགོད་པས་པེ་ཅིང་སྤྱི་སྤྱོད་རླངས་འཁོར་སྡེ་ཚན་དང་། ཧྲན་ཏུང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན། དེ་བཞིན་ཐའོ་པའོ་དྲ་བ་སོགས་ལ་ཁ་པར་གྱིས་འབྲེལ་གཏུག་བྱས་ཏེ་“12123”དང“པེ་ཅིང་དྲ་ཐོག་སྤྱི་སྤྱོད་འགྲིམ་འགྲུལ་”“ཐའོ་པའོ་དམིགས་བསལ་ཚོང་ཁང”སོགས་ཀྱི་མཉེན་ཆས་གཞུང་ཕྱོགས་ཀྱིས་བཏོན་པའི་མཉེན་ཆས་དེ་དག་དང་འབྲེལ་བ་ཡོད་མེད་དྲིས་པར། འབྲེལ་ཡོད་ལས་དོན་མི་སྣ་ཚང་མས་དེ་དག་གཞུང་ཕྱོགས་ཀྱི་མཉེན་ཆས་དང་འབྲེལ་བ་གང་ཡང་མེད་ཅེས་ལན་བརྒྱབ་ཡོད།

སྒོར་ཁྲི་5ཡིས་བདེན་རྫུན་དབྱེ་འབྱེད་དཀའ་བའི་APPཞིག་བཟོ་ཐུབ།

     གསར་འགོད་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། བདེན་རྫུན་དབྱེ་འབྱེད་དཀའ་བའི་APP བཟོ་མཁན་ཚང་མ་ནི་ཀུང་སི་ཡིན་པ་སྟེ། དཔེར་ན་ “པེ་ཅིང་སྐབས་ཐོག་སྤྱི་སྤྱོད་འགྲིམ་འགྲུལ”མཉེན་ཆས་བཟོ་མཁན་ནི་ཅང་སུའུ་ཡི་ཚོང་དོན་ཚད་ཡོད་ཀུང་སི་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ནང་ཀུང་སི་དེའི་གཉེར་སྐྱོང་ཁྱབ་ཁོངས་ནི་མཛེས་འདོན་བྱུག་རྫས་དང་། གྱོན་ཆས། རྒྱུན་མཁོའི་ཚོང་ཟོག་སྣ་མང་ཕྱིར་ཚོང་བཅས་ཡིན་པ་བཀོད་ཡོད། གཞན་ཡང་ཁྲོམ་རའི་ཐོག་གི་བདེན་རྫུན་དབྱེ་འབྱེད་དཀའ་བའི་མཉེན་ཆས་རྫུན་མ་ཁག་ཅིག་བཟོ་མཁན་ནི་མི་སྒེར་ཡིན་པ་དང་། དྲ་རྒྱ་ལས་མཉེན་ཆས་བཟོ་མཁན་དེ་དག་གི་ཆ་འཕྲིན་ཤེས་ཐབས་བྲལ་ཡོད།

སྤྱོད་མཁན་གྱི་དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་མུ་འབྲེལ་ཐོན་ལས།

     360ཡིས་ཁྱབ་བསྒྲགས་བྱས་པའི《2018ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་གྱི་དངོས་ཟོག་ཉོ་སྒྲུབ་ཀྱི་བདེ་འཇགས་སྙན་ཞུ》རུ་མངོན་པ་ལྟར་ན། ཟླ་བ་གཅིག་གི་དུས་ཚོད་ནང་གཙོ་རྒྱུན་དངོས་ཟོག་ཉོ་སྒྲུབ་ཀྱི་APPའདྲ་བཟོ་བྱས་པའི་གྲངས་འབོར་4000ཙམ་ཟིན་པ་དང་། དེ་དག་ཁ་པར་སོགས་སྒྲིག་ཆས་འབུམ་3ལ་ཁྱབ་ཡོད་པ་དང་། APPརྫུན་མ་དེ་དག་གིས་སྤྱོད་མཁན་གྱི་དྲ་རྒྱའི་བདེ་འཇགས་ལ་གནོད་པའི་མུ་འབྲེལ་ཐོན་ལས་ཤིག་གྲུབ་ཡོད།

     གསར་འགོད་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། ཉེ་དུས་ཧྥུའུ་ཅན་དང་ཧོ་པེ་སོགས་ས་ཁུལ་གྱི་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་བེད་སྤྱོད་གཏོང་མཚམས་བཞག་པའི་མཉེན་ཆས་ཁྲོད་བདེན་རྫུན་དབྱེ་འབྱེད་དཀའ་བའི་APPརྫུན་མ་ཚུད་ཡོད་ཅིང་། ཧྥུའུ་ཅན་ཆོན་ཀྲོའུ་བརྡ་འཕྲིན་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གིས་ད་ལོའི་ཟླ་བརྒྱད་པར་བེད་སྤྱོད་གཏོང་མཚམས་བཞག་པའི་སྒྲིག་འགལ་APPཁྲོད།  ཉིན་རེའི་མགྱོགས་མྱུར་ཚགས་པར་(天天快报)ལ་འདྲ་བཟོ་བྱས་པའི་བདེན་རྫུན་དབྱེ་འབྱེད་དཀའ་བའི་APPསོགས་ཚུད་ཡོད།

     རིགས་གཅིག་མཁས་པ་མང་པོས་དྲན་སྐུལ་བྱས་དོན་ལ། APPབེད་སྤྱོད་བྱེད་སྐབས་དང་། ལྷག་པར་དུ་དངུལ་སྒོར་སྐུར་བ་སོགས་བྱེད་སྐབས། ངེས་པར་དུ་བདེན་རྫུན་ལ་དབྱེ་བ་ཞིབ་མོ་བྱས་ཏེ། གང་བྱུང་ངང་ཕ་རོལ་པོའི་ཅི་བཤད་ལ་ཉན་མི་རུང་བ་དང་། གཞན་ཡང་APPནང་ཡོད་པའི་གསལ་ཆ་མེད་པའི་སྦྲེལ་མཐུད་གང་བྱུང་དུ་གནོན་མི་རུང་ལ། གསལ་ཆ་མེད་པའི་དྲ་ངོས་སུ་མི་སྒེར་གྱི་ཆ་འཕྲིན་ནང་འཇུག་བྱེད་མི་རུང་ངོ་།།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཤེས་རབ་མཚོ་མོ།

中央广播电视总台 央广网 版权所有

སྒོར་མོ་བསླུ་བའི་APPའདི་དག་ལ་གཟབ་རོགས།