ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

བྱ་བ་ཆུང་ཆུང་དྲུག་རྒྱུན་འཁྱོངས་བྱས་ན། ཕྲུ་གུར་ཕན་པ་ཧ་ཅང་ཆེ།

2019-11-18 16:05:00     责编:卓玛才让

བྱ་བ་ཆུང་ཆུང་དྲུག་རྒྱུན་འཁྱོངས་བྱས་ན། ཕྲུ་གུ་ཕུལ་བྱུང་དུ་འགྱུར་ཐུབ།

您的浏览器不支持 audio标签

དང་པོ། མ་ཉལ་གོང་གི་གཏམ་རྒྱུད་ཤོད་དགོས།

     གཉིད་མ་ཉལ་བའི་སྔོན་གྱི་གཏམ་རྒྱུད་བཤད་ན། བྱིས་པའི་གོ་སྟོབས་དང་བསམ་གཞིགས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་དང་། ཀླད་པའི་འཚར་སྐྱེ་ལ་ཕན་པ་ཆེན་པོ་ཡོད། ད་དུང་ཕ་མ་དང་ཕྲུ་གུའི་དབར་གྱི་འབྲེལ་བ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་ཐུབ།

     མ་ཉལ་གོང་གི་གཏམ་རྒྱུད་ནི་བྱིས་པའི་རྩོམ་རིག་བརྩམས་ཆོས་ཀྱི་ཆ་ཤས་ཤིག་ཡིན་པ་དང་མང་ཆེ་བ་ནི་རྩོམ་པ་པོས་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བྱིས་པར་གསར་རྩོམ་བྱས་པ་ཞིག་རེད། ཕྲུ་གུ་ཚོའི་སེམས་པ་འགུག་ཐུབ་པ་དང་། ཡ་རབས་ཚུལ་ལྡན་གྱི་བྱིས་པའི་སྤྲོ་སྣང་ཡོད་ན། བྱིས་པ་ཚོ་དགའ་སྤྲོའི་ངང་འཚར་ལོངས་ཡོང་ཐུབ།

     མ་ཉལ་གོང་གི་གཏམ་རྒྱུད་ལ་དོ་སྣང་བྱེད་དགོས་པ་ནི་དུས་ཚོད་རིང་དྲགས་ན་མི་འགྲིག ཡག་ཤོས་བྱུང་ན་ཆུ་ཚོད་ཕྱེད་ཀའི་ནང་ཚོད་འཛིན་བྱེད་དགོས།

     གཏམ་རྒྱུད་ཀྱི་གདམ་ག་ལའང་དོ་སྣང་ངེས་ཅན་ཞིག་བྱ་དགོས་ཏེ། ཞི་འཇམ་དང་། ལྷིང་འཇགས། མཛེས་སྡུག་ལྡན་པ་བཅས་ཡིན་པས། གཏམ་རྒྱུད་ཀྱི་གནས་ཚུལ་ཛ་དྲག་ཆེ་བའམ་ཡང་ན་འཇིགས་སྣང་གི་རང་བཞིན་ལྡན་པའི་གཏམ་རྒྱུད་འདེམས་མི་རུང་། འདེམས་པ་ཡིན་ན་བྱིས་པའི་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་ལ། བྱིས་པར་ཡང་རྨི་ལམ་ངན་པ་རྨིས་སྲིད།

 


གཉིས་པ། ཕྲུ་གུར་ཁྱིམ་ལས་སློབ་པ།

    ཤེས་བྱ་སློབ་སྦྱོང་བྱེད་པ་ནི་བྱིས་པའི་འཚོ་བའི་ཆ་ཤས་ཤིག་ཡིན།

    ཁྱིམ་དུ་ལོག་རྗེས། བྱིས་པས་རང་ནུས་ཀྱིས་སྤོགས་པའི་བྱ་བ་བསྒྲུབ་དགོས་པ་དང་། ལྷག་པར་དུ་ལས་ཀ་ཞིབ་ཕྲ་བསྒྲུབ་དགོས།

    དཔེར་ན། བྱིས་པར་སྔོ་ཚལ་དང་ཙོང་གི་པགས་པ་བཤུ་རུ་འཇུག་པ་དང་། སྲན་མའི་གང་བུ་ཡི་རྒྱུས་པ་མེད་པར་བཟོ་འཇུག་པ། མཛུབ་མོ་ཕྲ་མོའི་འགུལ་སྐྱོད་ཀྱིས་ཀླད་པར་ཤུགས་རྐྱེན་ཐེབས་ཐུབ། ལག་པ་ནི་མགོའི་ཆ་ཤས་ཤིག་ཡིན་ཞིང་། ལག་པའི་དབང་རྩ་དང་ཀླད་པའི་དབང་རྩའི་ལྟེ་བ་ཐད་ཀར་འབྲེལ་ཡོད་པ་དང་། བྱིས་པའི་ལག་པའི་འགུལ་སྐྱོད་སྟབས་བསྟུན་བྱུང་ན། དེའི་ཀླད་པའི་འགུལ་སྐྱོད་དེ་ལྟ་བུའི་སྟབས་བསྟུན་ཡོང་སྲིད།    རིགས་གཅིག་མཁས་ཅན་གྱིས་ལག་པ་འགུལ་ནས་ལས་ཀ་བྱེད་པ་ནི་ཕྲུ་གུ་འཚར་ལོངས་ཡོང་བའི་རྨང་གཞི་དང་ཕྲུ་གུའི་ཀླད་པ་ཟུང་འབྲེལ་དང་ལུས་སེམས་ཞི་མཐུན་ངང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་རེད་ཅེས་གསུང་འདུག 

     གལ་ཏེ་ཕྲུ་གུར་དངོས་གནས་དགའ་ན། ཕྲུ་གུ་ལ་རང་གི་བྱ་བ་སྒྲུབ་བཅུག་པ་དང་ཕྲུ་གུ་ཚོས་ལག་པ་འགུལ་ཐུབ་པ་བྱེད་དགོས་པ་ལས་ཁྱེད་ཀྱིས་རོགས་པ་བྱས་ཏེ་ཕྲུ་གུའི་འཚར་ལོངས་ཀྱི་གོ་སྐབས་འཕྲོག་མི་རུང་།

 

     ད་ཆ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་འགྲན་རྩོད་ཀྱི་མདུན་དུ་ཕྲུ་གུའི་རང་མགོ་འཁྱོངས་པའི་ནུས་པ་དེ་སློབ་སྦྱོང་གི་སྦྱངས་འབྲས་ལས་ལྷག་པའི་གལ་འགངས་ཆེ་བའི་འཇོན་ཐང་ཞིག་ཏུ་གྱུར་ཡོད།

     དེ་བས་ཁྱིམ་ལས་བྱེད་པ་ནི་བྱིས་པ་གསོ་སྐྱོང་བྱེད་པའི་རང་མགོ་འཁྱོངས་པའི་ནུས་པ་གཙོ་བོ་ཡིན།

 


གསུམ་པ། མཉམ་དུ་གྲོང་འདབས་སུ་ཡུལ་སྐོར་ལ་བསྐྱོད་པ།

     བུ་ཕྲུག་ཁང་པའི་ནང་དང་བྱིས་པའི་གླིང་དུ་མིས་བཟོས་པའི་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཡིན་མོད། འོན་ཀྱང་གྲོང་འདབས་ཀྱི་རང་བྱུང་ཁམས་ཆེན་པོའི་ཁྲོད་བག་ཆགས་རིམ་འགྱུར་གྱི་སློབ་གསོ་ནི་དེ་བས་ཀྱང་གལ་ཆེ་བ་དང་ཕན་ནུས་ལྡན་པ་ཞིག་ཡིན། ནགས་ཚལ་སྟུག་པོའི་ཁྲོད་དང་། སྔོ་ཞིང་དྭངས་པའི་རྩྭ་ཐང་ཐོག་རི་སྐྱེས་མེ་ཏོག་དང་། མེ་ཏོག་གི་གསེབ་ནས་འཕུར་ལྡིང་བྱེད་པའི་ཕྱེ་མ་ལེབ་འདེད་པ། བྱིས་པའི་སེམས་ལ་གང་བྱུང་དུ་བློ་སྒོ་འབྱེད་པ་དང་། བག་མེད་རིམ་འགྱུར་ངང་འཕེལ་བའི་ཉམས་མྱོང་དང་བློ་གྲོས། དེ་ནི་ཤེས་བྱ་ལྡན་པའི་ཕྲུ་གུ་ཚོར་མཚོན་ན་དེ་བས་གལ་ཆེ་བ་དང་དགོས་ངེས་ཤིག་རེད།

     བྱིས་པར་ཉི་འོད་དང་དྭངས་གཙང་གི་མཁའ་དབུགས་རྔུབ་ཏུ་འཇུག་དགོས།

     དཔྱིད་ཀ་ནི་ལྗང་མདོག་གི་འཇིག་རྟེན་ཞིག་ཡིན་ཞིང་། དྲོད་འཇམ་ཉི་འོད་འོག་ཡལ་གའི་མྱུ་གུ་འབུས་ཤིང་། ཕྲུ་གུར་མཚོན་ན་སྤྲོ་སྣང་གིས་ཁེངས་པའི་དཔྱིད་དཔལ་ཞིག་ཡིན་པ་མ་ཟད། ཕྲུ་གུའི་ལུས་སེམས་འཚར་ལོངས་ཡོང་རྒྱུར་ཕན་པ་ཆེན་པོ་ཡོད། ཕྲུ་གུར་ཐད་ཀར་རང་བྱུང་མྱོང་ཚོར་ཐུབ་པ་དང་མཐོང་ཐོས་ཆེ་རུ་འགྲོ་ཐུབ།  

 


བཞི་པ། སྤེལ་རེས་དང་འབྲེལ་གཏུག

     ད་ཆ་ཕྲུ་གུ་མང་པོར་བྱིས་པའི་ཁེར་སྡོད་སྨྲ་ཉུང་གི་ནད་ཕོག་གི་ཡོད། འདི་ནི་གཙོ་བོ་ཕྲུ་གུ་དང་ཕ་མའི་བར་འབྲེལ་འདྲིས་ཉུང་དྲག་པའི་རྐྱེན་གྱིས་རེད། ད་ཆ་ཕྲུ་གུ་གཅིག་མ་གཏོགས་མེད་པའི་ཁྱིམ་ཚང་མང་དུ་ཕྱིན་ནས། ཕྲུ་གུ་ཚོར་རྩེད་གྲོགས་ཉུང་དུ་ཕྱིན་ནས་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་ཡོང་གི་ཡོད། དེའི་ཕྱིར། ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་འདྲིས་ཟབ་ཏུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

     ཕྲུ་གུ་དང་འབྲེལ་འདྲིས་མང་ཙམ་བྱས་ན་ཕ་མ་དང་ཕྲུ་གུའི་དབར་གྱི་བརྩེ་དུང་ཟབ་ཏུ་འགྲོ་བ་དང་ཕྲུ་གུ་གྲོགས་པོར་གྱུར་ནས་ཕྲུ་གུའི་ཁེར་སྡོད་ཀྱི་ཚོར་སྣང་ཆུང་དུ་གཏོང་ཐུབ།

     ཕ་མ་ཚོས་ཕྲུ་གུར་སྐད་ཆ་མང་ཙམ་བཤད་ན་ཕྲུ་གུའི་སྐད་ཆའི་མཚོན་ཐབས་ནུས་པ་སྦྱོང་བརྡར་ཐུབ་པ་དང་ཕྲུ་གུའི་ཀླད་པ་འཚར་ལོངས་ཡོང་རྒྱུར་སྦྱོང་བརྡར་ཐེབས་ཐུབ། དེ་ལྟར་བྱས་ཚེ་ཕྲུ་གུ་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ནང་ཞུགས་ཐུབ་པ་དང་ཕྲུ་གུས་བཏོན་པའི་དྲི་བར་ལན་ནན་པོ་འདེབས་ཐུབ།

 


 ལྔ་པ། མཉམ་དུ་ལུས་རྩལ་བྱེད་སྒོར་ཞུགས་དགོས།

     ཁྱིམ་བདག་དང་ཕྲུ་གུ་མཉམ་དུ་ལུས་རྩལ་བྱེད་སྒོའི་ནང་ཞུགས་ཚེ་ཕྲུ་གུའི་ལུས་རྩལ་གྱི་སྤྲོ་སྣང་དང་། ལུས་རྩལ་གྱི་ཤེས་རྟོགས། ལུས་རྩལ་གྱི་གོམས་གཤིས་བཅས་སྐྱེད་སྲིང་ཐུབ་པ་མ་ཟད། ཕྲུ་གུ་དང་ནང་མིའི་དབར་གྱི་བརྩེ་དུང་ཟབ་ཏུ་འགྲོ་ཐུབ།  བྱིས་པ་འཚར་ལོངས་ཡོང་བར་བདེ་ཐང་དང་ལུས་སྟོབས་ནི་རྨང་གཞི་ཡིན།

     གལ་ཏེ་ཕ་མས་ཕྲུ་གུ་ཆུང་དུས་ནས་ལུས་རྩལ་ལས་འགུལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཐུབ་ན། ཕྲུ་གུར་ལུས་རྩལ་གོམས་གཤིས་ལེགས་པོ་ཞིག་ཆགས་ཐུབ་པ་མ་ཟད། ལུས་ཁམས་བདེ་ཐང་ཡོང་ཐུབ་པ་མ་ཟད། དེ་བས་གལ་ཆེ་བ་ནི་བྱིས་པའི་ལུས་སེམས་བདེ་ཐང་ལ་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ་པ་དང་། ལུས་རྩལ་སྦྱོང་བརྡར་བྱས་པ་བརྒྱུད་བྱིས་པའི་དཔའ་ངར་དང་ཞུམ་མེད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་ཐུབ། ཕྲུ་གུར་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པ་བྱས་ནས་ཁོང་ཚོའི་སླད་ཕྱིན་གྱི་མི་ཚེར་རྨང་གཞི་ཡག་པོ་ཞིག་འདིང་དགོས།

     སློབ་གྲྭའི་ནང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་པའི་དོན་སྙིང་ནི་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་བྱིས་པའི་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བ་དང་། ཕྲུ་གུ་ཚོའི་དཔའ་ངར་ཆེ་བ་དང་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པའི་འདུ་ཤེས་ཆེ་རུ་འགྲོ་ཐུབ།

     དེ་དང་ཆབས་ཅིག ཁྱིམ་བདག་ཚོས་ཕྲུ་གུ་དང་མཉམ་དུ་ལུས་རྩལ་སྦྱོང་བརྡར་བྱས་ཚེ་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་ཕན་ཐོགས་ཡོད་པ་དང་ཁྱིམ་ཚང་ཁ་ཤས་ལ་ཐ་ན་ཕྲུ་གུའི་སྣེ་ཁྲིད་འོག་ཁྱིམ་ཚང་ཚང་མར་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཀྱི་ཡོད། ཁྱིམ་བདག་གིས་ལུས་རྩལ་ལ་གོ་བ་ལེན་པ་དང་དེའི་ནང་ཞུགས་པ་དེས་བྱིས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

 


 དྲུག་པ། མཉམ་དུ་སྤྱི་ཕན་བྱེད་སྒོའི་ནང་ཞུགས་དགོས།

     ད་ལྟ་ཁྱིམ་ཚང་ནང་ཕྲུ་གུ་གཅིག་ལས་མེད་ཚེ་འཚོ་བའི་ཆ་རྐྱེན་ལེགས་ཤིང་ལོངས་སྤྱོད་བྱས་མི་ཚར་བ་ཡོད་པས། ཕྲུ་གུ་དེ་དག་ལེགས་སྐྱེས་འབུལ་སེམས་ཆུང་བ་དང་ཐ་ན་མེད།

     གལ་ཏེ་ཕ་མས་བསྐྲུན་པའི་བདེ་སྐྱིད་དེ་ཁོ་ཚོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཉག་གཅིག་ཡིན་བསམ་ན། དེ་ནི་སྣང་ཚུལ་ཡག་པོ་ཞིག་གཏན་ནས་མིན། ཕྲུ་གུ་ཚོས་ལེན་ཐུབ་པ་ལས་ལས་མི་ཤེས་པ་དང་། ལེགས་སྐྱེས་འབུལ་མི་ཤེས་པར་གྱུར་ན། གོམ་གཤིས་ངན་པ་ཞིག་ཆགས་ངེས་རེད། དེར་བརྟེན་ང་ཚོས་བྱིས་པར་ལེགས་སྐྱེས་འབུལ་བའི་སློབ་གསོ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། སྤྱི་ཕན་བྱེད་སྒོ་བརྒྱུད་ཕ་མས་བྱིས་པར་དུས་དང་རྣམ་པ་ཀུན་ཏུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས།  

     སེམས་ཁམས་རིག་པ་མཁས་ཅན་གྱིས་ཕ་མ་གཉིས་ཀྱིས་ཕྲུ་གུ་འཁྲིད་དེ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་མཉམ་དུ་ཞུགས་ན། ཕྲུ་གུའི་སྤྱི་ཚོགས་ཀྱི་ཉམས་མྱོང་སྔར་བས་ཆེ་རུ་འགྲོ་ཐུབ་པ་མ་ཟད། ད་དུང་ཕ་མ་དང་ཕྲུ་གུའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ་པས་ཕྲུ་གུའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་དེ་བཞིན་སྤྱི་ཕན་བྱ་གཞག་གི་འགན་འཁྲིའི་བསམ་པ་སྐྱེད་སྲིང་བྱ་རྒྱུར་ཕན་པ་ཡོད་པ་དང་། ཐ་ན་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་ཐེབས་ཐུབ་པ་དང་། མི་དང་མིའི་དབར་གྱི་བརྩེ་དུང་ཟབ་ཏུ་འགྲོ་རྒྱུ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད།

     བྱིས་པའི་གཅེས་སེམས་ལེགས་སྐྱེས་འབུལ་བ་དང་དགེ་ལས་ལ་ཕྱོགས་པའི་སེམས་ཁམས་དེ་དཔེ་དེབ་ཁོ་ནར་བརྟེན་པ་ཙམ་གྱིས་གཏན་ནས་ཡོང་གི་མེད། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་གིས་སློབ་གྲྭར་སློབ་མའི་འོས་འགན་བཟོ་པའི་ལམ་ལུགས་བཙུགས་ནས། སློབ་མ་ཚོས་སློབ་དུས་རེར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་གཏན་འཁེལ་བྱས་ཡོད། ཕྲུ་གུ་དང་མཉམ་དུ་སྤྱི་ཕན་བྱེད་སྒོའི་ནང་ཞུགས་ནས་འོས་འགན་ལས་ཀ་བྱེད་པ་ནི་ལག་ལེན་སློབ་གསོའི་བརྒྱུད་རིམ་ཞིག་ཡིན་པ་དང་། སློབ་མའི་བློ་རིག་དང་འཇོན་ཐང་ཆེ་རུ་འགྲོ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ། རྗེས་སུ་ཕྲུ་གུ་སྤྱི་ཚོགས་ཐོག་སྐྱོད་དེ་རྐང་པ་བརྟན་པོ་ཞིག་འཛུགས་རྒྱུར་རྨང་གཞི་ཡག་པོ་འདིང་ཐུབ་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཀུན་བཟང་དབང་མོ།

中央广播电视总台 央广网 版权所有

བྱ་བ་ཆུང་ཆུང་དྲུག་རྒྱུན་འཁྱོངས་བྱས་ན། ཕྲུ་གུར་ཕན་པ་ཧ་ཅང་ཆེ།